པདྨ་ལྷ་མཛེས། 2020-05-13
དུས་ཚོད་ཀྱི་རབ་ཁ་འདི་ནི་ཁྱོད་ལ་གཅེས་སེམས་ལྷག་ཏུ་བརྟས་ཆོག་པའི་ལོ་ཟླ་ཞིག་ཡིན་པ་ནི་སྨོས་མ་དགོས།དེ་བས་ང་རང་ཡང་དུས་སྐབས་འདི་དང་བསྟུན་ནས་ཁྱོད་རང་དང་ལྷན་དུ། སྔོ་ཞིང་དྭངས་པའི་ནམ་མཁའ་དེར་བལྟ་རུ་འགྲོ་བསམ་ལ། དྭངས་གཙང་ལྷད་མེད་ཀྱི་སྤྲིན་དཀར་དེ་བཙལ་དུ་འགྲོ་བསམ།
དེ་ཡང་། ཁྱོད་དང་མཉམ་དུ། ཕོ་བྲང་པོ་ཏ་ལའི་རྩིབས་ངོས་ཀྱི་གཉེར་མ་ཚོར་གྱིན་བཙན་པོའི་རྒྱལ་རབས་ཀྱི་མཚར་སྡུག་དང་འཇིག་ཉེས་ཀྱི་གླེགས་བམ་ཕྱེས་ཏེ།མི་རིགས་ཤིག་གི་ལ་རྒྱ་དང་དབང་ཐང་།དད་མོས་དང་ཤ་ཞེན་སླར་དུ་ལུས་སེམས་སུ་སྨིན་པར་བརྩོན་དེ། ཕུགས་བསམ་རྙིང་བ་ཞིག་གི་སྣེ་མོར་ཡང་དུ་ཀ་ཁའི་དབྱངས་གསལ་ཕབ་ཀྱིན་མེས་པོ་ཚོའི་ཐོད་པའི་རི་མོ་སྙིང་གི་ཟབ་ས་ཞིག་ལ་བཟུང་བསམ།
ཁྱོད་དང་མཉམ་དུ། ལྷ་ལྡན་གཙུག་ལག་ཁང་དུ་ཉི་མ་ལྡེ་བ་དང་། ཕྱག་འཚལ་མཁན་དང་གནས་མཇལ་བའི་གཟུགས་བརྙན་ལ་ལྟ་བཞིན་དུ། མི་ཆོས་གཙང་མ་བཅུ་དྲུག་གི་སྙིང་བོ་ཐོད་ཀྱི་གཟི་བྱིན་དང་འགྲོགས་ཏེ་མགོའི་སྐྲ་ནས་ཀླད་དང་།སེམས་ནས་སེམས་ཀྱི་གཏིང་ཀར་སོར་བཅུ་ཟུམ་པའི་པདྨོ་བཞིན་དུ་སྨིན་པ་གྲོལ་བའི་དུས་མཚུངས་སུ།ཕན་ཚུན་ལ་བདེ་སྐྱིད་ལྡན་པའི་སྨོན་ལམ་གཙང་མ་ཞིག་འབུལ་བསམ།
ཁྱོད་དང་མཉམ་དུ། སྐྱིད་ཤོད་ལྷ་སའི་ཆོས་མདོང་ཆུང་ཆུང་ཡང་དུ་བསྐོར་དེ།བར་སྐོར་སྲང་ལམ་ནས་ལམ་ཐག་རིང་བོ་ཞིག་ལ་ལག་གདང་སྦྲེལ་གྱིན། ཚངས་དབྱངས་རྒྱ་མཚོ་དང་མ་སྐྱེས་ཨ་མའི་གཏམ་རྒྱུད་ལ་ཉན་གྱིན་ཚངས་མགུར་སྙན་མོ་ཞིག་ངང་གིས་བཀུག་བསམ་སྟེ།“ཤར་ཕྱོགས་རི་བོ་རྩེ་ནས་།དཀར་གསལ་ཟླ་བ་ཤར་བྱུང་།མ་སྐྱེས་ཨ་མའི་ཞལ་རས།།ཡིད་ལ་འཁོར་འཁོར་བྱས་བྱུང་།” སྐབས་དེར་འུ་གཉིས་ཀྱིས་ཚངས་དབྱངས་རྒྱ་མཚོའི་རྒྱབ་གཟུགས་འཚོལ་གྱིན་ངེད་གཉིས་ལ་ཁེར་དུ་དབང་བའི་ལྷ་བྱ་ཁྲུང་ཁྲུང་དཀར་མོའི་རྣམ་ཐར་གསར་དུ་བཞེང་བསམ།
ཁྱོད་དང་མཉམ་དུ། ནོར་གཡག་གཅིག་མཉམ་དུ་ཞོན་གྱིན། ངས་ཁྱོད་ཀྱི་སྐེད་པར་དམ་པོར་འཁྱུད་དེ། ཆོས་རྒྱལ་ནོར་བཟང་གིས་བརྩེ་འདང་གི་ཆེད་དུ་དཀའ་བ་བརྒྱ་ཕྲག་ཁྱད་དུ་གསོད་ཐུབ་པའི་སྙིང་སྟོབས་དང་།ཡིད་འཕྲོག་ལྷ་མོས་ཆོས་རྒྱལ་ནོར་བཟང་གི་ཆེད་དུ་དྲི་ཟའི་གླིང་གི་འདོད་ཡོན་ལའང་མི་ཆགས་པར་མི་ཡུལ་དུ་ལོག་པའི་བརྩེ་འདང་གླེང་གིན་ལྷ་སའི་སྐྱིད་ཆུའི་འགྲམ་དུ་སོང་དེ། བསིལ་རླུང་དལ་བུར་ལྡང་བ་དང་ལྷན་དུ་ཁྱོད་ཀྱི་ངོ་གདོང་ལ་དལ་བུར་རེག་བསམ།
ཁྱོད་དང་མཉམ་དུ། དགོན་ཆེན་སེ་འབྲས་དགེ་གསུམ་ལ་སོང་སྟེ། “དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།ཐ་མ་ཉིན་མཚན་ཀུན་དུ་ཉམས་སུ་བླངས།།ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ་”མཛད་པའི་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པའི་བྱིན་རླབས་མཉམ་དུ་ཐོབ་པར་སྨོན་གྱིན། མི་རྟག་དང་ཐེག་མེད་ཀྱིས་བཅིངས་པའི་མ་འོངས་པར་འུ་གཉིས་ལ་འགྱུར་བ་མེད་པའི་བཀྲ་ཤིས་ཁ་དར་འབུལ་བསམ།
ཁྱོད་དང་མཉམ་དུ། བསམ་ཡས་གཙུག་ལག་ཁང་དུ་སོང་སྟེ།ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཟ་ཧོར་གྱི་གདུང་ལས་བལྟམས་པའི་མཁན་ཆེན་བྷོ་དྷི་ས་ཏྭ་དང་།ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་རྗེས་ས་དཔྱད་བརྟགས་ནས་སངས་རྒྱས་པའི་གཙུག་ལག་ཁང་དང་པོ་བཞེངས་ལུགས་དང་སད་མི་མི་བདུན་བྱུང་ཚུལ་སོགས་དང་བཅས། རྡོ་རིང་གི་ཡིག་ངོ་འཛིན་གྱིན་མཚར་སྡུག་འོད་སྟོང་འཚེར་བའི་ལོ་རྒྱུས་ཀྱི་གཟི་མདངས་མངོན་སུམ་དུ་མྱོང་བསམ།
ཁྱོད་དང་མཉམ་དུ། གནའ་གྲོང་རྒྱལ་རྩེ་རུ་སོང་སྟེ། སྤྱི་ལོ༡༩༠༤ལོར་བོད་ལ་བཙན་འཛུལ་བྱེད་མཁན་གྱི་དབྱིན་དམག་གིས་མེ་སྒྱོགས་བེད་སྤྱོད་བྱས་ཏེ། རྒྱལ་རྩེར་ཕར་རྒོལ་བྱས་པར་བོད་དམག་གིས་འགོག་རྒོལ་ཉིན་བརྒྱ་ཙམ་བྱས་མུར། བོད་དམག་གི་འབྲུ་རིགས་རྩ་མེད་དུ་ཤོར་ནས་རྒྱལ་རྩེ་རྫོང་དབྱིན་དུ་ཤོར་ཚུལ་དང་།ཆེས་མཇུག་མཐར་བོད་མི་བརྒྱ་ཕྲག་ཁ་ཤས་ཀྱིས་ལ་རྒྱའི་རྟུལ་ཕོད་འཛིན་འཕྲལ་གཡང་ལས་མཆོངས་ཏེ་རང་སྲོག་བློས་བཏང་བའི་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་མྱ་ངན་ལྷད་མེད་ཅིག་ཞུ་བསམ།
ཁྱོད་དང་མཉམ་དུ། ཡར་འབྲོག་གཡུ་མཚོ་དང་གནམ་མཚོ། མ་ཕམ་གཡུ་མཚོའི་འགྲམ་དུ་འཆམ་འཆམ་དུ་སོང་སྟེ། མཚོའི་མདངས་དང་རི་བོའི་ཁ་དོག་ཁྲོད་ནས་གངས་ལྗོངས་དང་དད་མོས་ཀྱིས་གསོས་པའི་མིག་ཟུང་གཅིག་གིས་ཉི་མ་ནུབ་རྒྱུར་བསྒུགས་ཏེ། རང་བྱུང་གི་མཛེས་སྡུག་དང་མཚན་གུང་གི་སྐར་ཚོགས་དེ་ལ་ལྟ་བཞིན་འུ་གཉིས་ཀྱི་མ་འོངས་ལ་མཛེས་སྡུག་གི་རེ་འདུན་ཞུ་བསམ།
ཁྱོད་དང་མཉམ་དུ། གངས་རིན་པོ་ཆེ་རུ་ཉི་མ་ཤར་བར་ལྟ་རུ་འགྲོ་དུས། ཉི་འོད་རི་སྒང་དུ་འཕྲོས་པའི་མོད་ལ། འུ་གཉིས་ལ་ལུས་ཡོད་པ་ནི་ལྟ་བས་མི་ངོམས་པའི་མཚར་སྡུག་དེ་ཡིན་ཆོག རྒྱུ་མཚན་དེ་ཡང་། ཤེས་རྟོགས་སུ།གངས་རིན་པོ་ཆེ་ནི་འཛམ་གླིང་ཀུན་གྱིས་ཁས་ལེན་པའི་ལྷ་རི་ཡིན་པའི་དུས་མཚུངས་སུ། ཧིན་རྡུ་ཆོས་ལུགས་དང་།བོད་བརྒྱུད་ནང་བསྟན་ཆོས་ལུགས། བོད་ལྗོངས་གདོད་མའི་གཡུང་དྲུང་བོན་ཆོས་བཅས་ཀྱིས་འཛམ་གླིང་གི་ལྟེ་བར་ངོས་འཛིན་བྱས་པའི་གནས་རི་ཡིན་པས།འུ་གཉིས་ཐོན་ཚོད་དེ་ནི་རྟེན་འབྲེལ་གྱི་མཛེས་སྡུག་བཀྲ་བའི་འཆར་ཀའི་འོད་མདངས་ཡིན་པར་གོར་མ་ཆག
ཁྱོད་དང་མཉམ་དུ། བོད་ལྗོངས་ཀྱི་བོད་ཐུག་དང་མངར་ཇ། བོད་ཆང་དང་གྲོ་ཚིག་སོགས་ཁྱད་ཆོས་ལྡན་པའི་ཟས་རིགས་ལ་རོལ་མྱོང་བྱས་ཏེ། བོད་མི་རྣམས་ཀྱི་སྤྲོ་སེམས་ཉམས་སུ་མྱོང་བ་དང་བཀུར་ཚིག་གི་ཕན་ཡོན་རང་སྟེང་དུ་བབས་པར་མཉམ་དུ་ཐོས་བསམ་གྱི་གོ་རིམ་ལ་འཇམ་དབྱངས་ཀྱི་རལ་གྲི་བསྣམ་ན་བསམ།
མདོར་ན། ཁྱོད་དང་མཉམ་དུ་བོད་ལྗོངས་བསྐོར་འདོད། ཁྱོད་དང་མཉམ་དུ། སྐལ་བཟང་མེ་ཏོག་རྒྱ་མཚོར་བཞད་པར་ལྟ་རུ་སོང་སྟེ། མཉམ་དུ་འུ་གཉིས་ཀྱི་བདེ་སྐྱིད་ལ་བདེན་དཔང་བྱ་བསམ། སྐབས་འདིར། བོད་ལྗོངས་ལ་འགྲོ་སའི་ཁོད་སྙོམས་པའི་རི་ལམ་དང་། བརྗིད་ཆགས་ལྡན་པའི་རི་རྒྱུད་མིག་ལམ་དུ་འཆར་ཡོང་སྟེ། ཁྱོད་རང་ལ་འགྲོ་འཆར་གྱི་བསམ་འདུན་ཡོད་དམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10