ངའི་སེམས་པ་རྟའུ་ལ་འཁོར་ཡོད།

ར་རྫི་སྐྱ་ཐོ།        2020-03-11

ངའི་སེམས་པ་རྟའུ་ལ་འཁོར་ཡོད།

     ད་ནི་ཕྱི་ལོ༢༠༢༠ལོའི་བོད་ཀྱི་ལོ་གསར་ལ་ཐོན་ལ་ཉེ་སོང་།  ནམ་རྒྱུན་ཡིན་ན། ཚང་མ་དགའ་དགའ་སྤྲོ་སྤྲོ། བདེ་བདེ་ལྷོད་ལྷོད་ཡིན་པ་ལ།  ད་ཐེངས་དྲན་པའི་རྨི་ལམ་དང་། སྲིད་པའི་བག་ཆགས་ན་དབེན་པའི་ཏོག་དབྱིབ་ནད་དུག་གམ། གསར་བྱུང་གློ་ཚད་ཀྱིས་འཛམ་གླིང་གི་ས་ཁྱོན་རྣམས་སུ་ཡོམ་ཡོམ་དུ་བསྒུལ་ཡོད་པས་མ་ཚད། རྒྱལ་ཡོངས་ཀྱི་ཝུའུ་ཧན་དང་། ས་ཁུལ་མང་ཤོས། རྒྱལ་ཁབ་གཞན་སོགས་ལའང་གནོད་འཚེ་གཏོང་ཡོད་པ་ཤེས།

ད་དུང་ང་ཚོའི་རྟའུ་ལུང་པ་ལ་ཡང་ནད་འདི་ཡིས་གནོད་འཚེ་གཏོང་ཡོད་པ་ཐོས་དུས།  སེམས་ཀྱིས་མ་བཟོད་པར།  ཕ་ཡུལ་ཨོ་ཐོག་གི་འབྲོག་ཕྱོགས་འདི་ནས། ཉིན་རྟག་པར། ཁམས་པའི་གསར་འགྱུར་དང་། དཀར་མཛེས་ཉིན་རེ་ཚགས་པར་དང་། གཞན་དག་གི་དྲ་ཚིགས་ཐོག་ནས་རྟའུ་ཡི་གནས་ཚུལ་ལ་བལྟ་རྒྱུ་བྲེལ་ཚབས་ལངས། ཉིན་རེ་ནས། ཉིན་རེར་ནད་པའི་འཕར་ཚད་མཐོ་དུས། ངའི་སེམས་ལ་དངངས་སྐྲག་དང་། འཇིགས་སྣང་ཡང་ཇེ་ཆེ་ནས་ཇེ་ཆེར་དང་། ད་དུང་སེམས་ནང་གི་སྐྱོ་སྣང་ནི། དབྱར་དུས་ཀྱི་ཉག་ཆུ་རྒྱས་པ་བཞིན་ཇེ་མཐོ་དང་ཇེ་མཐོ་རེད།

     འོན་ཀྱང་ངས་རྟའུ་ཡི་སྤུན་ཟླ་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་དང་། རོགས་རམ་ཁབ་རྩེ་ཙམ་ཡང་བྱེད་མ་ཐུབ་པའི་རྒྱུ་མཚན་ནི། ང་ལ་དཔལ་འབྱོར་དང་། འཇོན་ནུས་སོགས་ཀྱི་ཆ་རྐྱེན་གང་ཡང་མི་ཚང་བས་ཡིན།

རྟའུ་ལགས། ཁ་སྟོང་ནང་གི་ཚིག་སྟོང་བཞིན། རྩོམ་ཐུང་ཞིག་བྲིས་ཡོད་པ་འདིས། ངའི་སེམས་པ་འདི་ནམ་ཡང་ཁྱེད་ཅག་གི་ཕྱོགས་སུ་འཁོར་ཡོད་པ་མཚོན་བྱེད་ཙམ་དུ་ཡིན་ལ།  སེམས་པ་འདི་ཆུ་ལས་ཀྱང་གྲང་བཞིན་ཡོད་པའི་བརྡ་རྟགས་ཙམ་དུ་ཡང་ཡིན།

རྟའུ་ལགས། སེམས་མ་ཞུམ།  སྐྱེས་ཆེན་དག་གིས་ཐུགས་སྨོན་དང་། སྐྱབས་འཇུག་རྒྱུན་མི་ཆད་པར་གནང་གི་ཡོད་པ། དྲ་ལམ་ཁག་ནས་སྤེལ་བཞིན་འདུག་ལ། ། འབྱོར་ལྡན་ཚོས་དཔལ་འབྱོར་གྱི་རོགས་རམ་ཡོད་པ་གསར་འགྱུར་ནང་ནས་སྒྲོག་བཞིན་མཆིས། ད་དུང་ཚན་རྩལ་དང་། སྨན་རམས་པ་ཚོས་ནུས་ཤུགས་ཡོད་རྒུས་ནད་ངན་འདི་མཐའ་སྐྲོད་དུ་གཏོང་བཞིན་འདུག།

     ཁྱེད་ཅག་དཀའ་ངལ་དང་འཕྲད་སྐབས་།  སྤུན་ཟླ་ཚོས། ཁྱེད་ཅག་ལ་སེམས་ཤུགས་དང་། སྤོབས་པ་སྦྱིན་བཞིན་འདུག་པས་སེམས་མ་ཕམ།

རྟའུ་ལགས། སྤུན་ཟླའི་ནུས་ཤུགས་མཉམ་དུ་བཏོན་ནས་ནད་ངན་འདི་མྱུར་དུ་རྒྱང་ཕུད་བཏང་ངེས།

ཉག་ཆུ་གྲུ་ཁ་ནས་སྦྱར་བའོ།།


  • ལེ་ཚན་སྔོན་མ།:རྟའུ་ལགས། ང་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་ཡོད།
  • ལེ་ཚན་རྗེས་མ།:བདེ་འཇགས་རང་བཞིན་གྱི་ཉེན་ཁའི་གནས་བབས།