བདེ་འཇགས་རང་བཞིན་གྱི་ཉེན་ཁའི་གནས་བབས།

རི་བོང་དཀར་ཆུང་།        2020-03-13


   ཚེ་སྲོག་ནི་མ་གཞི་ནས་ཉག་ཕྲ་བའི་སྐུད་པ་ཡ་གཅིག་གི་དོད་ལས་མི་ཡོང་ལ།ལྷག་པར་དུ་དེ་རིང་ཁ་སང་གི་གནས་བབས་འདིའི་ཁྲོད་ནས།ང་ཚོར་ཚེ་སྲོག་ལ་ལྟ་སྟངས་གསར་བ་ཞིག་དང་བདེ་སྐྱིད་ལ་ངོས་ཟིན་གསར་ཤོས་རེ་རྙེད་ཡོད་པའང་ཐེ་ཚོམ་མེད། ཁ་སང་རྒྱ་ནག་སྤོས་ལྡན་གྲོང་དུ་ས་འགུལ་ཅུང་ཙམ་བྱུང་འདུག དེར་དྲྭ་གྲོགས་ཤིག་གིས་སྒོར་འབུད་ན་ནད་དུག་ལ་སྐྲག་དགོས་ཀི ཁྱིམ་ལ་བསྡད་ན་ས་འགུལ་ལ་སྐྲག་དགོས་ཀི ད་ཅི་བྱས་ན་ལེགས་ཞེས་སྤེལ་འདུག འདི་འདྲའི་ཅི་བྱ་གཏོལ་མེད་ཅིག་གི་གནས་བབ་ནི་ངས་བསམ་ན་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་དུ་བྱུང་འདུག་པ་ཚོར། ཉིན་མོ་རེ་རེར་ཚེ་སྲོག་གང་མང་ཞིག་གི་རིན་ཐང་ནི་ཐོ་འགོད་རེའུ་མིག་ཅིག་ཏུ་བཀོད་ནས་མི་ཡུལ་དང་གཏན་བྲལ་གནང་འགྲོ་བཞིན་འདུག ཤི་གསོན་གྱི་བར་སྟོང་རེ་རེ་ནས་མིག་ཆུའི་ལོ་ཟླ་རྫོགས་མེད་ཅིག་གི་གཏམ་རྒྱུད་འབྲི་བཞིན་པའི་གནས་བབ་ནི་ཅི་འདྲའི་མི་སེམས་སྒུལ་བའི་སྐྱོ་གར་ཞིག་རེད་ཨང་།ལྷག་ཏུ་དེ་ལས་ཀྱང་གླེང་རིན་ཡོད་པ་ནི་ཉིན་མཚན་བར་མེད་ཅིག་ནས་གཞན་དོན་རྐྱང་རྐྱང་ལ་འབད་མཁན་གྱི་སྨན་པ་གཙོས་རང་འདུན་པ་སོགས་ཀྱི་ལས་རིགས་ཁག་རེད་ལ།ཡ་ང་བའི་སྐྱོ་གར་འདིའི་ཁྲོད་ནས་ཁོ་ཚོ་ནི་དཔའ་ཁེར་སྐྱེས་ཀྱི་གདོང་ལེན་རུ་ཁག་ཏུ་འབོད་ཆོག རྒྱལ་ཕམ་གང་འདྲ་ཞིག་གི་བར་སྟེང་ནས་ཁོང་ཚོའི་དཀའ་ཁག་ནི་ཅི་ནས་ཀྱང་དྲན་པའི་ཟབ་ས་རུ་བསྙལ་ཆོག་ཆོག་རེད།དེ་ལས་གླེང་དགོས་པ་ནི་རང་ས་གོར་མོ་འདིའི་རང་ཡུལ་གྱི་ཤ་ཉེ་སྤུན་མཆེད་ཚོ་རེད་ཨང་། མིག་སྔར་བདེ་འཇགས་རང་བཞིན་གྱི་གནས་བབས་ཤིག་ཏུ་གནས་རུང་།ཕྱི་རྐྱེན་དང་ནང་རྐྱེན་གང་ནས་བལྟས་རུང་ཉེན་ཁ་ཆེ་ཤོས་སུ་སྣང་སོང་།དེའི་རྒྱུ་མཚན་ཡང་སླ་མོ་ཞིག་སྟེ།ཕ་ཡུལ་གྱི་མི་ཚོགས་ཚོས་ཐ་ན་ཁ་ཡོལ་ཞིག་ཉོ་དགོས་ནའང་དཀའ་ཁག་འཕྲད་ཀྱིན་འདུག དེ་ལས་གཞན་པའི་ཆ་རྐྱེན་མང་པོ་ཞིག་གླེང་དང་མ་གླེང་མེད་སྙམ།རྒྱུ་མཚན་དེའི་དབང་གིས་ནད་དུག་གི་མེ་རོ་ཕ་ཡུལ་ལ་ཐོན་པ་ནས་བཟུང་ཕ་ཡུལ་ལ་རེ་བ་དང་བྲལ་བའི་ཉིན་མོའང་ཡིན་པས། དགྲ་མ་ཡོང་གོང་གི་དོགས།ཆུ་མ་ཡོང་གོང་གི་རགས་ཟེར་བ་བཞིན།ཕྱི་མི་ནང་དུ་མི་ཁྲིད་ཅིང་ནང་མི་ཕྱི་རུ་མི་འགྲོ་བའི་གོམས་གཤིས་རྣལ་མ་ཞིག་གི་ཁྲོད་ནས།མཁན་རབ་ལྡན་གྱིས་གསུང་བ་ལྟར་རང་ཁྱིམ་ལ་བསྡད་ནས་སྤྱི་ཚོགས་ལ་ཞབས་ཞུ་རེ་བསྒྲུབ་ན་མི་ལེགས་སམ།


སྤྱིར་མི་ཟེར་བ་ནི་བདེ་སྐྱིད་ལ་ངོས་ཟིན་ཡོད་མཁན་ཞིག་མིན་ལ།འཚོ་བ་ལ་གཅེས་སྤྲས་ཤེས་མཁན་ཞིག་དེ་ལས་ཀྱང་མ་རེད།ལྷག་དོན་ད་ལྟའི་གནས་བབས་ཤིག་གི་ཁྲོད་ནས་གཞན་ལ་ཕན་མ་ཐོགས་ཀྱང་གནོད་མི་སྐྱེལ་བའི་འདུ་ཤེས་ཤིག་ཡོད་དགོས་ཚོད་རེད་མོད།ཡིན་ནའང་སྒེར་སེམས་ཀྱི་མེ་ལྕེ་དྲག་ཏུ་འབར་བའི་མི་ཚོགས་འགས་རྒྱུ་འབྲས་དང་མི་གཞིའི་རྩ་དོན་དང་འགལ་བའི་ལས་རིགས་གཉེར་མཁན་ཡང་འབྱུང་བཞིན་པ་ཐོས་བྱུང་།འདི་ནི་ཅི་འདྲས་སྐྱོ་གར་ནང་གི་སྐྱོ་གར་ཞིག་རེད་ཨང་།


ཉེ་དུས་རྒྱའི་རྩོམ་པ་པོ་ཀྲོའུ་ཧྲའོ་ཀོང་གིས་བྲིས་པའི་《ཕ་ཝང་གིས་འགྲོ་བ་མི་ལ་སྤྲིངས་པའི་འཕྲིན》ཞེས་པ་ལ་མཇལ་ཞིང་།སྐབས་དེར་ངའི་བསམ་པར་གལ་ཏེ་རི་སྐྱེས་སྲོག་ཆགས་དག་སྨྲ་བརྗོད་ཀྱི་ནུས་པ་ཡོད་ཚེ་དངོས་ནས་འདི་ལྟར་བཤད་སྲིད་དེ།མིའི་རིགས་ཀྱི་ཧམ་སེམས་དང་སྒེར་སེམས་ཀྱི་བྱ་སྤྱོད་ལ་ཐ་ཚིག་གང་མང་ཞིག་དང་དེ་རིང་གི་གནས་བབས་འདི་རུ་ཁོ་ཚོས་འཕྱ་དམོད་ཀྱང་བྱེད་ངེས་ཡིན།ལྷག་པར་དུ་བསམ་བློ་གཏོང་རིན་ཡོད་པ་ནི་རྩོམ་འདི་རབ་རྟོག་གི་ལམ་ནས་བྲིས་ཡོད་རུང་།བརྗོད་བྱའི་ཆ་ནས་དངོས་ཡོད་དང་ཐག་ཉེ་ཞིང་།ཚན་རིག་གི་རྒྱབ་ལྗོངས་བཙན་པ་ཞིག་ཡིན་ཕྱིན།འདི་ནི་རི་སྐྱེས་སྲོག་ཆགས་ཀྱི་སྙིང་གཏམ་གོ་ཐུབ་པའི་རྩོམ་པ་པོ་ཞིག་དང་སྐྱེ་ཁམས་ཁོར་ཡུག་ལ་རྒྱུས་ལོན་ཡོད་མཁན་ཞིག་གིས་བྲིས་པའི་ རྩོམ་འདིས་ང་ཚོར་དྲན་སྐུལ་གྱི་ཅོང་བརྡ་ཞིག་སྒྲོག་བཞིན་འདུག་སྟེ་དྲན་སྐུལ་དེ་དག་གི་ཁྲོད་ན། ཁྱོད་ཚོས་སྐྱིད་དུས་སྡུག་དྲན་དགོས་ལ་སྡུག་དུས་ཀྱང་སྐྱིད་ལ་རེ་དགོས་པས་སྐྱེ་ཁམས་ཁོར་ཡུག་ལ་བརྩི་སྲུང་བྱེད་པ་ནི་རང་ཉིད་ཀྱི་བདེ་ཐང་ལ་འགན་ཁུར་བ་ཡིན་པའི་གནས་ལུགས་དམར་རྗེན་ཞིག་སྟོན་བཞིན་པ་འདྲ།

  • ལེ་ཚན་སྔོན་མ།:ངའི་སེམས་པ་རྟའུ་ལ་འཁོར་ཡོད།
  • ལེ་ཚན་རྗེས་མ།:ཕྲ་སྲིན་གྱི་ངོ་བོ་གྱུར་ནས་ཚེ་སྲོག་གི་དབུགས་རྒྱུན་ལ་འཐམ།