ཕྲ་སྲིན་གྱི་ངོ་བོ་གྱུར་ནས་ཚེ་སྲོག་གི་དབུགས་རྒྱུན་ལ་འཐམ།

ཆུ        2020-03-16

   ཀྲུང་གོའི་ས་ཁྲ་རིམ་གྱིས་དམར་པོར་གྱུར་སོང་།དེ་ལས་ཝུའུ་ཧན་ནི་དམར་ནག་ཏུ་གྱུར་ཞིང་ལྷ་སའང་དམར་སྐྱ་རུ་ཆགས་སོང་། འདི་ནི་ཕྲ་སྲིན་གྱི་ངོ་བོ་གྱུར་ཏེ་ནད་དུག་གི་མཚང་མིང་ཐོགས་པའི་ཡ་ང་བའི་ཆོ་འཕྲུལ་ཞིག་གི་སྣེ་མོ་ནས་ཟིན་པ་ཡིན།

    ཉི་མཚན་ལྡོག་མེད་དུ་འཁོར་ཞིང་ས་སྲོས་རེ་རེ་ནི་ཚེ་སྲོག་གི་སྡོམ་ཚིག་དང་རྫོགས་ཚིག་ཡིན་པ་འདྲ་ལ། སླར་ཡང་གསར་འགྱུར་སོ་སོའི་གསལ་བཤད་ལས་ཉེས་མེད་ཉེས་ཅན་དང་སྲོག་ལྡན་སྲོག་མེད་དུ་གྱུར་ནས་འཆི་གསོན་གྱི་བར་དོ་ན་ངས་མིག་ཆུ་རྡོག་པོ་རེ་རེ་གྲངས་སུ་འདྲེན་ནས་མྱ་ངན་ཞུ་བཞིན་ཡོད།མཚན་མོའི་མཆོད་མེ་རྐང་གཅིག་གི་འོད་ཟེར་ནི་མི་ཞིག་གི་ཚེ་སྲོག་བཞིན་གསལ་ཞིང་དྲོ་ལ།ཐུང་ཞིང་སྙི་བས།གང་ཞིག་ནས་རླུང་དམར་གྱི་གཤེད་མས་ཐོལ་གྱིས་བཅོམ་འགྲོ་བ་སུས་ཀྱང་དཔོག་དཀའ་བས། ང་ཚོ་ཅིས་ཀྱང་སྐྲག་ལ་དོགས་ནས་རྒྱང་རིང་དུ་རྣ་བ་བླགས་ཏེ་ཉེ་སར་མིག་གིས་ཅེར་ནས་སྨྲེ་ངག་དང་སྐྱོ་གདུང་གིས་འཚོས་ཡོད།ཉི་ཤར་གྱི་རྩེ་མོ་རེ་རེ་ན་རེ་བའི་དྲོད་ཁོལ་རེ་འཁྱིལ་ཡོད་དམ་སེམས་ནས་གཏམ་བཟང་དང་འཕྲིན་བཟང་ལ་བསྒུགས་མཐར་སྔར་བཞིན་གཏམ་ངན་ཞིག་གི་གཞུག་ན་བརྩེ་འཕྲིན་ཐུང་ཐུང་ཞིག་གིས་རེ་ཆད་དང་ཕམ་ཁ།འཇིགས་སྐྲག་རུམ་ནས་འཁྱོལ་དགོས། ལྷག་ཏུ་ལོ་ལོན་དང་བྱིས་པའི་ཚེ་སྲོག་ལ་སྡང་ཟེར་ན། རང་ཉིད་ཀྱི་གཞིའི་ཁྱིམ་དྲོན་མོའི་ཆག་འཇིག་བསམས་ནས་ང་ལྷག་ཏུ་སྐྲག ང་ལ་མཚོན་ན་ལོ་ལོན་གྱི་ཕ་མ་དྲིན་ཆེན་ནི་གཡང་ཁྱིམ་གྲུ་བཞིའི་དྲོད་ཁོལ་ཡིན་ལ། བྱིས་པའི་དྭངས་གཙང་གི་སེམས་ཀྱི་སྤྲོ་འཛུམ་ནི་ཡུལ་ཁམས་སྤྲོ་གསེང་གི་བདེ་སྐྱིད་ཡིན་པས། ཁོ་ཚོ་མེད་ན་ཚེ་རབས་ལས་ཀྱི་བསགས་པའི་མི་ལུས་འདི་ཡང་དོན་མཐའ་མ་འཁྱོལ་བར་སྣང་།

   ཉིན་ཞག་སུམ་ཅུ་ཡས་མས་སུ་འཇིག་རྟེན་འདི་འུར་ཟིང་གིས་བཀང་ཞིང་མི་སེམས་བྲེལ་འཚུབ་ཏུ་བསྒྱུར།ནད་ཡམས་འདི་ལག་མང་ཞིག་གིས་བྱ་བཅས་ལས་ཉེས་པ་ཡིན་ལ། ཁ་མང་ཞིག་གིས་ཁོག་ནས་བརྡོལ་བས།ལན་རེ་མི་དེ་སྙིང་རེ་རྗེ་ལ་ལན་རེ་མི་དེར་སྙིང་ཡང་ལངས། ཕྲ་སྲིན་ཉེས་མེད་ཅིག་ཉེས་ཅན་དུ་བསྒྱུར་ཏེ་ཐ་ན་མཚང་མིང་ཁུར་ནས་རང་གི་ཟུག་གཟེར་དང་རོགས་ཀྱི་ཚ་གཟེར་མཉམ་འགྲོས་ཀྱིས་ངུ་འབོད་ཉིས་འགྱུར་བྱས་ཏེ་འཇིག་རྟེན་འདི་གཏན་གྱིས་གྱེས་དགོས། གཞུག་ཏུ་ལྷག་པ་ནི་རང་སྲོག་དམར་པོའི་གཤེད་མ་ཡིན་ལ། ཕྱིར་མིག་གི་གཟེབ་ན་རང་གི་ཉེ་འཁོར་ལ་གྱེས་བརྡ་དང་ཉེས་ཚབས་སྟོན་བཞིན་བུད་འགྲོ། ངོ་མ། གནོད་འཚེ་དང་ནད་དུག་ཕོག་པའི་སེམས་ཅན་ལགས། ཁྱེད་ཉིད་རབ་ཏུ་ན་ལ་བདག་ནི་ཤིན་ཏུ་གདུང་། དོན་དམ་དུ་ངས་ཁྱེད་ཅག་སྙིང་རྗེ་ཡི་སེམས་ཀྱིས་བསྔོ་སྨོན་ལས་ཅི་ཡང་སྒྲུབ་མ་ནུས། ཕྲ་སྲིན་ནི་ཁྱབ་འཇུག་གི་འཇུག་པ་བཞིན་རི་ལུང་དང་གཙང་བོ། གླིང་ཆེན་དང་རྒྱ་མཚོའི་ཕར་ཚུར་ན་མཆེད་ཀྱིན་ཡོད།

     ད་ལོའི་དགུན་གཞུང་གི་ཙག་རླུང་ཝུའུ་ཧན་གྱི་ནད་དུག་དང་བསྡོངས་ནས་གཡུགས་ཤིང་། ད་ལོའི་དགུན་གཞུང་གི་དར་འཁྱགས་ཝུའུ་ཧན་གྱི་ཕྲ་སྲིན་གྱིས་བསྡམས་ནས་འཁུམས་སོང་།མི་འགྱང་བར་ཝུའུ་ཧན་གྱི་ས་རྡུལ་གྱིས་ནམ་མཁའ་བཀང་སྟེ་ས་གཞི་འགེབས་འགྲོ་འམ། ག་ལ་སྲིད་། མི་སྲིད་དེ། ཚན་རྩལ་དང་རིག་གཞུང་གི་ཞིང་ས་ན། ལྷག་བསམ་དང་ནུས་མཐུ་ཅན་གྱིས་དབྱར་གཞུང་གི་ཉི་མ་ཞིག་བསྐྲུན་ཏེ་ཝུའུ་ཧན་གྱི་དུག་རླངས་བསལ་ནས་ཡུལ་ཁམས་བདེ་ལ་བཀོད་ངེས། བླ་སྤྲུལ་དང་མཁན་སློབ་གྱི་ཐུགས་བསྐྱེད་དང་སྨོན་ལམ་ལས་ལུས་སེམས་ཀྱི་ནད་གདོན་བཅོམ་ནས་མི་ཡུལ་ཞི་འཇགས་སུ་འགྱུར་ངེས།

            


  • ལེ་ཚན་སྔོན་མ།:བདེ་འཇགས་རང་བཞིན་གྱི་ཉེན་ཁའི་གནས་བབས།
  • ལེ་ཚན་རྗེས་མ།:ཏོག་དབྱིབས་ནད་དུག་དང་གོས་དཀར་ལྷ་ཡི་ཕོ་ཉ།