རྟའུ་ནས་སྐྱེས་སྐར་གླེང་བ།

འཇུ་རབ་གསལ།        2020-02-28

རྟའུ་ནས་སྐྱེས་སྐར་གླེང་བ།

     དེ་རིང་སྟེ་མཆུ་ཟླའི་ཡར་ཚེས་བཞིའི་ཉིན་མོ་ནི་ང་རང་མི་ཡུལ་དུ་གསོན་ནས་མི་ལོ་སོ་གསུམ་འགོར་བའི་དུས་ཚེས་ཡིན། གཅིག་བྱས་ན་མི་ལོ་སོ་གསུམ་ནི་ཤིན་ཏུ་རིང་པོ་ཞིག་སྟེ“ཕོ་ལོ་ཚེ་ཕྱེད།  ཉི་མ་ཉིན་ཕྱེད”ཡིན་པ་རེད། ཆེན་པོ་དག་དང་སྦྱར་ནས་བཤད་ན་དེ་བས་ཀྱང་དུས་ཡུན་རིང་པོ་ཞིག་སྟེ།  སྲོང་བཙན་སྒམ་པོ་དགུང་ལོ་སོ་གསུམ་ལས་མ་བཞུགས་ཀྱང་སུམ་གཉིས་ས་ལ་དབང་གི་འཁོར་ལོ་སྒྱུར་བར་དུས་ཚོད་ཀྱིས་འདང་སོང་བ་རེད།  དོན་འགྲུབ་རྒྱལ་དགུང་ལོ་སོ་གཉིས་པར་གཤེགས་ཀྱང་རྩོམ་རིག་གསར་པའི་གཏེར་སྒོ་ཕྱེས་ཤིང་གསུང་པོད་ཆེ་ཐག་ཆོད་པ་བརྒྱད་བརྩམས་པ་མ་ཡིན་ནམ།  དེ་ལྟར་བསམ་ན་ང་རང་ཕལ་བ་ཕལ་རྐྱང་ཞིག་འཇིག་རྟེན་དུ་གསོན་པའི་དུས་ཡུན་ནི་ཁོང་ཅག་ལས་ཀྱང་རིང་བས་རང་ཉིད་ཀྱི་ཚེ་དཔལ་ལ་དགའ་བ་སྐྱེས་འོས་པ་ཞིག་ཏུ་འཁུམ།

     ལར་ལོ་རེ་བཞིན་སྐྱེས་སྐར་གྱི་དགའ་སྟོན་ལ་རོལ་མ་མྱོང་ལ་དེ་ཙམ་གལ་ཆེན་དུའང་སེམས་མ་མྱོང་མོད།   ཐེངས་འདིའི་དལ་ཡམས་ཀྱི་རྐྱེན་གྱིས་མི་ཁོམ་པའི་བྱ་བ་ཡོད་ཚད་ཆམས་ཀྱིས་བཞག་སྟེ་རང་ཁྱིམ་ནས་སྒོར་མ་ཐོན་པར་ཉིན་བཞི་བཅུར་ཉེ་བ་ཞིག་ལ་ལྷོད་ལྷོད་པོར་སྡོད་པའི་དུས་ཡུན་ལས།   ང་ཚོ་གསོན་ནས་སྡོད་པ་ནི་བདེ་སྐྱིད་ཅིག་ཡིན་པར་སེམས་ལ།  ལྷག་ཏུ་ད་བར་དུ་རང་ཉིད་ལ་སོ་གཟེར་ཐུ་མོ་ཞིག་ཀྱང་མ་བྱུང་བར་བདེ་ཐང་གིས་གསོན་ནས་ཡོད་པ་ནི་བདེ་སྐྱིད་ཡང་དག་ཅིག་ཏུ་སེམས།   དེ་བཞིན་ཕ་མ་ཁྱིམ་མི་དང་བཅས་པ་བཀྲ་ཤིས་བདེ་ལེགས་ཀྱིས་འཚོ་བཞིན་ནི་གླིང་བཞིའི་རིན་ཆེན་ཐོབ་ཀྱང་ཡ་མི་མཚན་པའི་བསོད་ནམས་ཆེན་པོའོ་འདོད།  དེ་ནི་ང་མི་ཕལ་བ་ཞིག་གིས་བསམ་སྟངས་དང་རང་གི་འཚོ་བར་བཟུང་བའི་རྣམ་འགྱུར་ཡིན་པ་འདྲ་བས་རང་ཉིད་ཀྱི་སྐྱེས་སྐར་ལའང་བདག་ཅིག་རྒྱག་བསམ་པ་བྱུང་།

རྟའུ་ནས་སྐྱེས་སྐར་གླེང་བ།

     དམིགས་བསལ་གྱི་དོན་དག་ཞིག་ལ་རང་ད་ལྟ་རྟའུ་རྫོང་ན་ཡོད་ཅིང་།   རྟའུ་རྫོང་གི་ཉི་མཚོ་གྲོང་བརྡལ་ན་ཡོད།   ད་ལྟ་དམིགས་བསལ་གྱི་དུས་སྐབས་འདིའི་ནང་གི་དམིགས་བསལ་གྱི་རྫོང་ཁུངས་ཆུང་ཆུང་འདི་ནི་ངའི་ཕ་ཡུལ་ཡིན་ཟེར་དགོས་པས།  ཕ་ཡུལ་ལ་ནད་རིམས་ཕོག་ཀྱང་ད་ལྟའི་བར་ནད་རིམས་ཁྲོད་ཡུལ་མི་སྤུན་ཟླ་གཅིག་གི་ཚེ་སྲོག་ཤོར་བའི་མྱང་ངན་མེད་པ་ནི་ངོ་མཚར་བའི་གནས་ཏེ།  ང་ཚོ་སུ་དང་གང་ལ་བསམ་ཡང་ཚེ་སྲོག་ལས་རིན་ཐང་ཆེ་བ་ཞིག་མ་དམིགས་ཀྱང་།  ཚེ་སྲོག་ནི་ཤིན་ཏུ་ནས་ཉག་ཕྲ་ཞིང་འཇིག་སླ་ཞིག་ཡིན་པ་མ་ཟད། འཛམ་བུ་གླིང་གི་མི་འུ་ཅག་ནི་འཆི་བའི་རྐྱེན་ཤིན་ཏུ་མང་པ་སྟེ།  དུག་དང་མཚོན་ཆ་མེ་ཆུ་གཡང་ས་གཅན་གཟན་སོགས་ཀྱི་གནོད་པ་མང་པ་དང༌།  ཁང་པ་རྡིབ་པ་དང༌།  སྨན་བཅོས་ལོག་པ།  ཟས་མ་འཇུ་བ་སོགས་གསོན་རྐྱེན་རྣམས་ཀྱང་འཆི་རྐྱེན་དུ་འགྱུར་བ་མང་པོ་ཡོད་ཅེས་བཀའ་བསྟན་དུ་གསུངས་པ་དག་ལ་ངེས་ཤེས་འཕར་མ་རེ་སྐྱེ་བར་འདུག་ཅིང་། དེ་རིང་སྐྱེས་སྐར་ཡིན་པའི་རང་ཉིད་དང་བཅས་ད་དུང་གསོན་ཡོད་པ་ནི་དགའ་ཞིང་རྟེན་འབྲེལ་ཞུ་འོས་པ་ཞིག་ཅི་ལ་མིན། ལྷག་ཏུ་ད་ལྟ་ནི་ཆེ་ས་ནས་བཤད་ན་གནམ་ས་བར་སྣང་རྒྱ་མཚོའི་གཏིང་དང་བཅས་པ་དུག་དང་རྡུལ་ཕྲན་མཚོན་ཆས་གང་ལ།  ཆུང་ས་ནས་ཁྱིམ་གྱི་གློག་ཐག་ནས་སྒོ་ཡི་འཕྲུལ་རྟ།  ལག་གི་ཁ་པར་དང་བཅས་སྲོག་གི་གཤེད་དུ་མ་གྱུར་པ་གང་ཡང་མེད་པ་ལྟར་སྣང་བ་དང་།  ད་ལྟའི་གློ་ཚད་ཀྱི་དལ་ཡམས་གཅིག་པར་བསམ་ཡང་སྙིགས་མ་ལྔ་ལས་ཚེ་ཡི་སྙིགས་མར་ངེས་ཤེས་ཨ་གསལ་ལེ་དང་ཨོཾ་དག་གེ་བ་ཞིག་མི་སྐྱེས་མི་རང་སྐྱེས་སུ་འདུག་ཕྱིར་རང་ཉིད་དང་བཅས་པའི་ཡུལ་མི་སྤུན་ཟླ་ཚང་མར་ཚེ་སྲོག་རྡོ་རྗེའི་གཤིས་སུ་གྲུབ་པར་སྨོན་ལམ་འདེབས་པ་དང་རྟེན་འབྲེལ་ཞུའོ།།  

     སུ་ཞིག་འཆི་བདག་གི་ཁ་ནས་ཐར་ཚེ་གཟོད་ཚེ་སྲོག་གི་རིན་ཐང་ཤེས་ལ། གང་ཞིག་ནད་ཀྱི་གདུང་བ་ལས་གྲོལ་དུས་གཞི་ནས་བདེ་ཐང་གི་གལ་ཆེན་ཤེས་སྲིད་པས།   ང་རང་ལྟ་བུའི“རང་བདག་རང་གིས་ཡོང་ཙམ་འོས་བབ་ཀྱི་ལས་འགན”དང“རང་ཁ་རང་གིས་སོས་ཙམ་མཛད་རྗེས་ཀྱི་རྩ་བ”ཡིན་པའི་རླབས་ཆེ་བའི་ཕལ་བ་དག་ལ་མཚོན་ན་ནི་བདེ་ཐང་གིས་གསོན་ནས་སྡོད་པ་ལས་བསོད་ནམས་ཆེ་བ་ཞིག་མེད་པ་འདྲ།   ལར་འཚོལ་ཞིང་སྙེག་པ་མཐའ་དག་ཐོབ་ཀྱང་བདེ་སྐྱིད་ཀྱི་གསང་ཨང་མ་རྙེད་པའི་སྐྱེ་བོ་མང་བར་གྲགས་ལ།གྲུབ་པའི་འབྲས་ཀྱིས་ལྕི་བའི་སྟོབས་ཆེན་གང་མང་གིས་ཀྱང“ལོ་ཟླར་ཕྱིར་འོང་མེད་ཀྱང་ཡོད་ན་བསམ”གྱིན་པར་གོ་བས་རླབས་ཆེན་གྱི་ཕལ་བ་རང་ཉིད་ལ“འཁྲུངས་སྐར་བཟང”ཞེས་སྙིང་ནས་ཞུ་བྲོད་པ་བྱུང་།    བཀྲ་ཤིས་བདེ་ལེགས།   གཅིག་བྱས་ན་མི་ལོ་སོ་གསུམ་ནི་ཤིན་ཏུ་ཐུང་ཐུང་ཞིག་ཡིན་པ་འདྲ།  

2020/2/27འཇུ་རབ་གསལ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་གནང་བའི་བཀའ་སློབ་གལ་ཆེན་ཞིག
  • ལེ་ཚན་རྗེས་མ།:གནད་འགག་གི་སྐབས་འདིར་ང་ཚོས་ཇི་ལྟར་བྱ།