རྒྱལ་སྲས་གླེན་པ། 2017-04-24
༡
མཁས་པ་དུ་མས་དཔེ་ཆ་ནི་འགྲོ་བ་མིའི་སེམས་ཀྱི་འཚོ་བཅུད་དང་། མིའི་རིགས་ཡར་རྒྱས་སུ་འགྲོ་བའི་ཐེམ་སྐས། འགྲོ་བ་མིའི་བློ་གྲོས་ཀྱི་གཤོག་རྩལ་ངོམ་པའི་གཤོག་ཡ་དང་། མིའི་རིགས་ཀྱི་དགེ་རྒན་བཟང་བོ། རིན་པོ་ཆེའི་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་སོགས་སུ་བསྔགས་པ་བརྗོད་ཡོད་ཅིང་། དངོས་པོའི་གནས་སྟངས་ལའང་དཔེ་ཆ་ནི་ས་སྒང་རིལ་མོ་འདིའི་སྟེང་གི་སྐྱེ་འགྲོ་མཐའ་དག་ལ་ཉི་འོད་བཞིན་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །
༢
འཇར་མན་གྱི་མཚན་ཉིད་རིག་པའི་མཁས་ཆེན་ཞོ་ཕེན་ཧ་ཝུར་(叔本华) གྱིས༼ རིག་ཚད་མཐོང་ཚད་གང་བྱུང་དུ་མི་བཀླག་པའི་གནད་འདི་ངེས་དགོས༽ ཞེས་གསུངས་པ་ལྟར་དཔེ་ཀློག་བྱེད་པ་ལའང་ས་མཚམས་ཤིག་ཡོད་དགོས་ཏེ། དཔེ་ཆ་ཡིན་ན་ཁྱེད་ལ་གྲོགས་དན་བྱེད་པའི་ངེས་པ་མེད་དོ། ། དཔེར་ན་རང་ལྟ་མཆོག་འཛིན་ཁོ་ནས་བྲིས་ཤིང་རིགས་པའི་གཏད་སོ་གང་ཡང་མེད་པའི་དཔེ་ཆ་ཡོད་ཅིང་། དེ་ལྟ་བུས་ཁྱེད་ལ་བསམ་བློའི་རྒྱགས་ཕྱེ་ཅི་ཡང་སྦྱིན་དུ་མེད་པ་ཡིན་པས་རང་ཉིད་ཀྱི་དུས་ཚོད་བརླག་པའི་བགོ་སྐལ་དུ་དང་ལེན་མི་བྱ་རྒྱུ་གལ་ཆེའོ། །
༣
བསམ་བློ་སྨིན་མ་སྨིན་གྱི་ཁྱད་པར་ལས་ཀྱང་དཔེ་ཆ་འགའ་ཞིག་བཀླག་རུང་མི་རུང་གི་ཧེ་བག་ཡོད་དེ། མཚན་གཞི་ཞིག་གི་སྟེང་ནས་གོ་བདེ་བར་བཤད་ན། ང་ཚོར་རྒྱུས་མངའ་མེད་པའི་གཞུང་ལུགས་དང་ལྟ་གྲུབ་ལ་དགག་པ་བྱེད་པའི་དཔེ་ཆ་དུ་མ་ཡོད་ལ། དེ་དག་རང་དགར་ཀློག་རྐྱང་བྱེད་པ་ནི་ནོར་འཁྲུལ་ཞིག་ཡིན། དཔེ་ཆ་དེ་དག་བཀླགས་པ་བརྒྱུད་ང་ཚོས་གཞུང་ལུགས་གང་ཞིག་དང་ལྟ་གྲུབ་གང་ཞིག་སྐྱོན་དང་ལྡན་པར་འཛིན་མོད། དོན་དུ་ང་ཚོར་གཞུང་ལུགས་དང་ལྟ་གྲུབ་གང་དེར་རྒྱུས་མངའ་ཅུང་ཙམ་ཡང་མེད་པས་བློའི་འཛིན་ཚུལ་དེ་ནི་ཡང་དག་ཅིག་མིན། དེ་བས་ང་ཚོས་དེ་ལྟ་བུའི་དགག་སྒྲུབ་དཔེ་ཆ་དག་བཀླག་ན་ཐོག་མར་རང་ཉིད་ལ་དཔེ་ཆ་གང་དེའི་ནང་དུ་དགག་བཞིན་པའི་གཞུང་ལུགས་དང་ལྟ་གྲུབ་དེ་ཚོར་གང་ལ་གང་འཚམ་ཞིག་ངེས་རྟོགས་བྱ་རྒྱུ་ནི་གནད་དམ་པར་མཐོང་ངོ་། །
༤
ངའི་ཉེ་འགྲམ་གྱི་གྲོགས་པོ་ལ་ལས་རྟག་པར་དཔེ་ཆ་ཀློག་བཞིན་ཡོད་མོད་གྲུབ་འབྲས་ཀྱི་ཆ་ནས་དེ་འདྲའི་བློ་ཡིད་ཚིམས་པ་ཞིག་འབྱུང་གིན་མེད། དེ་ནི་རིག་པ་རྟུལ་བ་ཙམ་ཞིག་རྒྱུ་མཚན་དུ་བྱས་ན་ངས་ངོས་ལེན་བྱེད་ཐུབ་ཀྱིན་མེད། གུས་པས་ཁོ་ཚོར་གྲུབ་འབྲས་དེ་ཙམ་འབྱུང་ཐུབ་ཀྱིན་མེད་པ་ནི་ཁོ་ཚོས་དཔེ་ཆ་ཀློག་པ་ལས་དཔྱོད་པ་ལ་ཞུགས་པ་ཉུང་བས་རྐྱེན་གྱིས་ཡིན་པར་འདོད་ཀྱིན་ཡོད་ལ། གཞུང་ལུགས་གང་ཞིག་སློབ་སྦྱོང་གི་གོ་རིམ་ཁྲོད་དུ་དཔེ་ཆ་གཅིག་ལས་སྤྱི་ཁོག་ཤེས་སུ་མི་འཇུག་པར་དཔེ་མང་ཀློག་པའང་གྲུབ་འབྲས་ལེགས་པོ་ཞིག་མ་ལོན་པའི་གནད་དོན་ཞིག་ཏུ་བསམ་བཞིན་ཡོད།
༥
ང་ཚོའི་དུས་སུ་བྲིན་བཞིན་པའི་དཔེ་གསར་དག་ཀློག་པར་དགའ་མོས་བྱེད་པ་ལས་དམ་པའི་གསུང་རབ་ཀློག་པར་དེ་འདྲའི་མོས་པ་མི་བྱེད་པ་ཡིན་མོད། དོན་དུ་དམ་པའི་གསུང་རབ་བཀླག་རྒྱུ་ནི་དཔེ་ཀློག་ཁྲོད་ཀྱི་ཆེས་གལ་ཆེན་ཞིག་ཡིན། གསུང་རབ་ངོས་ཀྱི་ཚིག་དོན་རྟོགས་དཀའ་ཞིང་དམ་པའི་དགོངས་པ་ཟབ་ཅིང་བརླིང་བས་ཐེངས་གཅིག་བཀླགས་པས་རྔོ་མི་ཐོགས་པས་ཡང་དང་བསྐྱར་དུ་བཀླག་དགོས་ཤིང་། ཚིག་དོན་ལ་བརྟག་པ་མང་དུ་བྱ་དགོས་པ་ཡིན་ནོ། ། དེ་ལྟར་བྱས་པས་ད་གཟོད་རང་ཉིད་ལ་གཞན་གང་དུའང་རྙེད་དུ་མེད་པའི་གསུང་རབ་ངོས་ཀྱི་རིན་བྲལ་ནོར་བུ་དག་ཐོབ་པར་འགྱུར་རོ། །
༦
སློབ་གསོ་མཁས་ཅན་ཞིག་གིས་རང་གི་བུ་མོར་ཡི་གེ་བསྐུར་ཏེ། ༼ དཔེ་ཀློག་ལ་གཟབ་ནན་བྱས་དྲགས་ན་མི་ལེགས། རྒྱུ་མཚན་ནི་ཤེས་བྱ་ཡོད་ཚད་དཔེ་དེབ་ཏུ་ཡོད་པས་མ་ཁྱབ༽ ཅེས་གསུངས་པ་རེད། འདི་ཡང་ང་ཚོས་ཡིད་ལ་ངེས་དགོས་པའི་ལེགས་བཤད་ཅིག་ཡིན། ལྷག་པར་རྩོམ་ཡིག་འབྲི་མཁན་ཞིག་ལ་ཆ་མཚོན་ན་འདི་ནི་ཅི་འདྲའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་རེད་ཨང་། ང་ཚོས་དཔེ་ཀློག་ཁྲོད་ཤེས་བྱ་དང་ཐ་སྙད་མི་ཉུང་བ་ཞིག་རྙེད་ཐུབ་པ་བདེན་ནའང་། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལྟ་བུའི་ཡུལ་གྱི་མཛེས་པ་དང་། ནར་སོན་གྱི་གོ་རིམ་ལྟ་བུའི་ནང་སེམས་པའི་རྟོག་འཆར་གྱི་མཛེས་པ་སོགས་ནི་ཅིས་ཀྱང་ཤེས་དགོས་མོད། དེ་ནི་དཔེ་ཆའི་ཁྲོད་རྙེད་ཐུབ་པ་ཞིག་མ་ཡིན་པར་འཚོ་བར་ཟབ་ཞུགས་དང་མི་ཚེའི་མྱོང་རྟོགས་ཁོ་ན་ལས་ཤེས་དགོས་པ་ཡིན་ནོ། །
༧
དཔེ་ཆའི་སྤུས་ཀ་བཟང་ངན་གྱི་དབང་གིས་ལ་ལ་བམ་ཀློག་དང་ལ་ལ་ཞིབ་ཀློག་བྱ་དགོས་ཤིང་། དཔེ་ཀློག་སྐབས་ཐ་སྙད་རྟོགས་དཀའ་བ་དང་འཕྲད་སྐབས་ཁ་ཐུག་དག་ཡིག་སོགས་ལས་བཙལ་ཏེ་ནང་དོན་ངེས་པར་བྱེད་དགོས་སོ། ། རང་ཉིད་ལ་ཡིད་འཛིན་གྱི་ནུས་པ་རང་རྐྱ་འཕེར་བ་ཞིག་མེད་ན་དཔེ་ཀློག་གི་གོ་རིམ་ཁྲོད་དུ་ཟིན་བྲིས་འདེབས་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། ཟིན་བྲིས་འདེབས་དུས་ཀྱང་ཚིག་མང་དོན་ཉུང་དག་འདེབས་པ་ནི་གླེན་རྟགས་ཚ་བོ་ཞིག་ཡིན། ངས་དུས་རྒྱུན་རང་གི་གྲོགས་རེ་ཟུང་གི་ཟིན་བྲིས་དེབ་མཐོང་གི་ཡོད་ལ། དེའི་ཁྲོད་གནད་དོན་མང་བོ་ཞིག་འབྱུང་གིན་འདུག དཔེར་ན་གཞུང་མིང་དང་རྩོམ་མཁན་མི་གསལ་བའི་ལུང་དང་། ཤོག་གྲངས་སོགས་གསལ་བོར་མི་འབྲི་བ་ལྟ་བུའོ། །
༨
ང་རྒྱུན་དུ་རང་གི་ཉེ་འཁོར་གྱི་གྲྭ་བཙུན་སློབ་གཉེར་བ་རེ་འགའི་དཔེ་ཀློག་བྱེད་སྟངས་དང་སློབ་སྦྱོང་གི་ཁ་ཕྱོགས་ལ་འཚིག་པ་ཟ་བཞིན་ཡོད། རྒྱུ་མཚན་ཁོ་ཚོས་དཔེ་ཀློག་བྱེད་དུས་ཚིག་རིས་མི་མཐུན་པའི་ལུང་ཙམ་ཨེ་མཐོང་ལ་འབད་པ་བྱ་རྒྱུ་ལས་བསྟན་བཅོས་དག་ལས་བསྟན་པའི་ནང་སེམས་ལ་དཔྱོད་འཇུག་བྱེད་སྟངས་སོགས་ལ་དེ་འདྲའི་སྣང་དོག་མི་བྱེད། ལས་ཀྱི་སྦྱོར་བ་གང་དེའི་དམིགས་ཡུལ་ནི་ཁོ་ཚོས་ཆོས་གྲྭའི་ནང་དུ་རྟགས་གསལ་ཏ་ལེན་མ་རེ་འཕངས་ནས་རང་ཉིད་ལ་དཔེ་ཆ་བ་ཞེས་པའི་མིང་བྱང་རེ་ཨེ་རེག་ཁོ་ནར་འབད་པས་ཡིན། བརྒྱ་ལ་ཁོ་ཚོར་དཔེ་ཆ་བ་ཞེས་པའི་མིང་བྱང་སྐམ་པོ་རེ་ཐོབ་ཀྱང་སྲིད་མོད། མཚན་ཉིད་གཞུང་ལུགས་སྐོར་གྱི་རྒྱུན་ཤེས་དང་གྲྭ་བཙུན་སློབ་གཉེར་བ་ཞིག་གི་སློབ་སྦྱོང་གི་ཁ་ཕྱོགས་དང་རྒྱང་ནས་རྒྱང་དུ་གྱར་བ་ཡིན་ནོ། །
༩
སེམས་ཁམས་རིག་པ་བ་དག་གིས་མི་ཞིག་གིས་རིག་པ་བསྒྲིམས་ནས་དཔེ་ཆ་ཀློག་པའི་དུས་ཡུན་ནི་དུས་ཚོད་སྐར་མ་ཉེར་ལྔ(༢༥)ཡིན་ལ་དེ་ལས་འདའ་ན་བློ་རིག་སྒྲིམ་ཤུགས་ཉམས་འགྲོ་བར་བཤད། དུས་ཚོད་དེ་ནི་དེ་འདྲའི་ཡིད་ཆེས་ཐུབ་པ་ཞིག་མིན་ཡང་། དཔེ་ཀློག་གི་དུས་ཡུན་རིང་དྲགས་ན་རྣམ་ཤེས་ཉོབ་པར་འགྱུར་བ་ནི་དངོས་པོའི་གནས་སྟངས་ཡིན། དེས་ན་དཔེ་ཀློག་བྱེད་དུས་ཨུ་ཚུགས་དང་བཙན་གྱིས་ལྟ་བ་སོགས་ནི་ངལ་བ་འབྲས་མེད་ཡིན་པས་རང་ཉིད་ཀྱི་ལྟ་ཀློག་གི་སེམས་ཁམས་དང་འབྲེལ་ནས་རང་ལ་ངལ་གསོའི་དུས་ཚོད་སྤྲོད་དགོས་ཏེ། དཔེར་ན་དཔེ་ཀློག་ཅུང་ཙམ་བྱས་རྗེས་སེམས་མི་སྐྱིད་པ་སོགས་ཀྱི་གནས་སྟངས་བྱུང་ཚེ་གཞས་ལ་ཉན་པ་དང་གསོལ་ཇ་མཆོད་པ། འཆམ་འཆམ་ལ་འགྲོ་བ་སོགས་བྱས་ཏེ་སེམས་ཁམས་ལྷོད་ལ་དབབ་ཏུ་བཅུག་ནས་སླར་ཡང་ཀློག་པ་ལ་འཇུག་པར་བྱ་བ་ལྟ་བུ་ཡིན་ནོ། །
༡༠
མིའི་གཤིས་ཀ་འདྲ་མིན་གྱི་དབང་གིས་གོང་དུ་བཤད་པའི་དཔེ་ཀློག་སྐོར་གྱི་སྐད་ཆ་དེ་ཚོ་ངོས་ལེན་བྱེད་མི་ཐུབ་པའང་ཡོད་མོད། སྤྱིའི་ཆ་ནས་བལྟས་ན་ཅུང་གཏན་ཚིགས་ཅན་གྱི་སྐད་ཆ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད། གང་ལྟར་རང་ཉིད་ནི་སློབ་གཉེར་གྱི་ལས་ལ་ཞུགས་ནས་མང་བོ་ཕྱིན་མེད་ཀྱང་། དཔེ་ཀློག་ལ་དགའ་མོས་བྱེད་མཁན་ཞིག་ཡིན་པས་རང་ཉིད་ལ་ཐོབ་པའི་ཉམས་མྱོང་དང་གོ་ཐོས་མཐོང་ཐོས་སོགས་དབུལ་བོ་དབུལ་རྐྱང་ཞིག་མིན། གལ་སྲིད་ཁྱེད་རང་ངེད་ཀྱི་ལྟ་ཚུལ་ལ་སོམ་ཉིའི་དོགས་འདྲི་ཡོད་ཚེ་སེམས་པ་རྣམ་དག་གིས་བགྲོ་གླེང་བྱ་རྒྱུར་ངང་སྒུག་བྱེད་པ་ཡིན་ལ། དཔེ་ཀློག་སྐོར་གྱི་བསམ་ཚུལ་བརྗེ་རེས་བྱེད་པར་དགའ་བསུ་ཚད་མེད་ཞུ་རྒྱུ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10