ང་ཡི་ལང་ཚོ་དང་ཁྱེད་ཀྱི་འགྱུག་བག

རི་བོང་དཀར་ཆུང་།        2019-10-11

    ཨ་མ་ལགས། རི་སྒང་མཐོ་ས་ཞིག་ནས་སྤྲིན་དཀར་གྱི་ཉག་མ་རེ་རེར་ཅེར་ནས་ངས་འུ་གཉིས་ཀྱི་ལས་སྐལ་ལ་བསམ་གཞིག་བྱས་ཡོད། ཨ་མ་ལགས། ཆུ་བོ་གཙང་ས་ཞིག་ནས་མེ་ཏོག་གི་བསུང་ཞིམ་བསྣམས་ནས་ངས་ཁྱེད་ཀྱི་ཞལ་རིས་བསྒོམས་ནས་ཡོད། ད་དུང་ཉི་འོད་དང་རླུང་བུ། རང་བྱུང་མས་གནང་བའི་ཚོར་བ་སྐྱིད་པོ་རེ་རེའི་བར་སྟོང་ནས་ངས་ཁྱོད་ཀྱི་ལས་དབང་གླེང་ན་འདོད།

    ངས་དྲན་ཚོད་ལྟར་ན་ང་ནི་ཁྱེད་ཀྱི་བྱང་ཁོག་ནས་བརྒྱུད་ཅིང་རུམ་ཁུང་ནས་བོར་བའི་སྐྱེ་མགོ་མ་དེ་ཡིན་ཞིང་། མངར་ལ་འཚོ་བཅུད་འཛོམས་པའི་ནུ་ཞོའི་དྲོ་བའང་ཡིད་ཚིམ་པ་ཞིག་མྱོང་ཐུབ་མེད་པ་འདྲ། དེ་བས་ཀྱང་གླེང་རིན་མེད་པ་ནི་ཁྱོད་ནི་ཁྱོད་ཀྱི་འབྲོག་པའི་རྩྭ་ཐང་ནས་རྔུལ་ཆུའི་མེ་ཏོག་གཏོར་ཞོར་ལང་ཚོའི་མཛེས་པ་སྟོན་རླུང་དང་འགྲོགས་ནས་སད་པར་གྱུར་ཅིང་། ངའི་རྣམ་ཤེས་ཀྱི་ས་བོན་ཡང་ཨ་མེས་དང་ཨ་ཕྱིས་བདག་སྐྱོང་གང་ལེགས་ཁྲོད་ནས་སྨིན་མགོ་བརྩམས། འདི་ནི་སྤྱིར་བཏང་གི་གོ་རིམ་ཞིག་ཡིན་ཞིང་། སྤྱིར་བཏང་མ་ཡིན་པའི་གོ་རིམ་ཞིག་ཀྱང་རེད་འདུག

    ཨ་མ་སུ་དང་གང་ཞིག་ཡིན་ཡང་རང་གི་ཆེས་དྭངས་མའི་ལང་ཚོའི་མེ་ཏོག་དེས་ཚེ་སྲོག་གསར་བ་ཞིག་བསྐྲུན་པའི་ཉིན་དེ་ནས་བཟུང་ཨ་མ་ནི་ཨ་མ་བཞིན་སྟོན་རླུང་ཁྲོད་ཀྱི་ལྗོན་པ་ཁེར་སྐྱེས་ཤིག་ཡིན་ཞིང་། ང་ཚོ་བུ་ཕྲུག་དག་ནི་ལྗོན་པ་དེའི་འོག་ན་ལྷམ་མེར་བཞད་པའི་དཔྱིད་མགོའི་མེ་ཏོག་དེ་ཡིན། དེ་བས་ང་ཚོ་ལ་ད་དུང་ཉི་འོད་དང་དབྱར་ཀ ཁུ་བྱུག་དང་ཆར་ཟིལ་གྱི་བདེ་སྐྱིད་ཡོད་པ་ནང་བཞིན། ལྗོན་པ་དེའང་གྲང་རླུང་དང་དགུན་ཁ། ཁ་བ་དང་བུ་ཡུག་གིས་མནར་བའི་འཇིག་རྟེན་གཞན་ཞིག་ཀྱང་ཡོད། དེ་དུས་དྲན་འཛིན་གྱི་ཟབ་ས་ཞིག་ནས་ནམ་ཡང་རང་ཉིད་ལ་ཚེ་སྲོག་གི་ཆ་ཤས་སུ་གྱུར་བའི་རྣམ་ཤེས་གཞན་ཞིག་ཡོད་པ་ངང་གིས་ཚོར་བྱུང་ཨ་མ་ལགས། ལོ་ཟླ་དེའི་དགོས་སྐལ་དུ་གྱུར་བའི་བར་ཐག་ཅིག་གིས་འུ་གཉིས་ལ་འཛུམ་དཀར་ཞིག་མཁོ་ཞིང་། དེ་ནི་དུས་ཚོད་ཀྱི་ཐག་སྒྲ་ཞིག་གིས་ཁུར་སོང་བའི་གཡང་དཀར་གྱི་བལ་ཁ་ཡིན་ལ། འབྲི་མོའི་འོ་དྲི་ཡིན། ད་དུང་ཁྱིམ་ཚང་འདིའི་སྟོང་ཆ་ཞིག་ཀྱང་ཡིན་སྲིད། སྟོང་ཆ་འདི་ནི་བུ་ཕྲུག་ངས་ནང་སེམས་ཀྱིས་བསྐངས་ཡོད་མ་ལོ་ལགས།

    ཨ་མ་ལགས་ཁྱེད་རང་རྒ་བཞིན་འདུག གནའ་དེང་མའི་ཉི་ཟླའི་རྣ་ཆ་དང་། རི་གླུའི་འགྱུར་ཁུག ད་ནི་རྗེས་ཤུལ་ཙམ་ཡང་མེད་པར་སུ་ཞིག་གིས་བརྐུས་ནས་སོང་། ད་ནི་སྐྲ་ལོ་འདིའི་ནག་ཆ་དང་དུང་སོ་འདིའི་དཀར་ཆ། ཡོད་ཚད་ལ་བསམ་གཞིག་ཅིག་ཀྱང་བྱེད་ཁོམ་མེད་པར་འགྱུར་བ་བྱུང་གི་འདུག དེ་དུས་ང་རང་མེ་ལོང་གི་མདུན་དུ་ལངས་ནས་རང་གི་སྨིན་མ་ཐག་པའི་ལང་ཚོ་ལ་ཅེར་ནས་བསམ་གཞིག་བྱེད་མགོ་བརྩམས།

  • ལེ་ཚན་སྔོན་མ།:སྙན་ངག་དང་ཁ་བ།
  • ལེ་ཚན་རྗེས་མ།:དབྱར་ཐ་མའི་སྙན་ངག