དབྱར་ཐ་མའི་སྙན་ངག

གཞི་ཚང་ཟླ་བ་གྲགས་པ།        2019-10-11

སྣུམ་གཟན་མར་མེ་ཉི་ནུབ་ཁམས་ནས་སྒུལ།།

རྡུལ་བབ་གཙང་བོ་ཉིན་བཞིན་གངས་དང་བཀྱེད།།

རི་གཤམ་བག་ཡངས་རྒྱུ་བའི་ན་བུན་ཡང་།།

ནམ་ཞིག་དབྱིངས་སུ་ཐིམ་པར་ཡིད་གཉིས་ཟ།།

གཙང་འགྲམ་གནས་པའི་འགྲེང་བུ་འཇག་མ་ཡིས།།

མཚོ་མོར་དྲུད་པའི་རྡུལ་ཚོགས་མངོན་པར་མཐོང་།།

སྐྱོ་ཉམས་དང་བཅས་མགོ་བོ་དུད་པའི་དུས།།

རྟེན་འབྲེལ་གཤིས་ཀ་ཐབས་རྡུགས་ཡིན་པར་རྟོགས།།

ལུས་སེམས་ཆར་གྱིས་བྲན་པའི་སྒོ་དར་ཀྱེ།།

སྤང་གཞོངས་དཀྱེལ་མོའི་མེ་ཏོག་གློ་ཁ་མས།།

ཚེ་མཇུག་འདི་ལ་ཡང་སྙིང་མི་བདོག་ཅེས།།

ནན་གྱིས་འཐེན་པ་ཁྱོད་ཀྱིས་ཐོས་སམ་ཅི།།

བདག་ནི་རྒྱུན་པར་ཕྱི་ནང་ལམ་སྲང་གི།

སྟོང་བསམ་མེ་འོད་རོལ་བའི་ཟླ་བ་ཉིད།།

མཚོ་འཇིངས་རྦ་རླབས་གཡོ་བའི་གླིང་ཕྲན་ནས།།

འགྱོད་གདུང་འདི་ཀོ་ཟད་མཐའ་མེད་པར་སྙམ།།

ལྕམ་དྲལ་ཆུང་མ་དག་ནི་སྨྲེང་ཞིང་གཤུམ།།

ཆུ་དང་མེ་ལོང་གང་དགར་བལྟས་པས་ཀྱང་།།

གདོས་པའི་བྱད་གཟུཊ་མིག་གིས་མཐོང་ཐབས་བྲལ།།

གློ་བུར་ཧྲེངས་སུ་གནས་པར་གཏིང་ནས་བསྔངས།།

མཚན་མོར་བྱི་བས་བཟའ་བཏུང་ཕངས་མེད་སྤྱོད།།

ཉིན་མོར་ཐོ་ཡོར་མཐོ་དམན་བསླུ་བྲིད་གཏོང་།།

མུན་ནག་འབུ་སྲོག་སྐྱེ་འཆིའི་སྐད་ཅིག་ཀྱང་།།

ལེ་ལོང་ངོགས་སུ་གསལ་ལེར་བསྔོག་པར་བྱེད།།

དབྱར་སྟོན་མཚམས་སུ་གཤོག་ཐོགས་སྦྲང་ནག་གིས།།

གནམ་འཕང་ཅེར་ཞོར་ཤུཊ་རིང་བསྟུད་ཀྱིས་འབྱིན།།

མི་མངོན་དབྱིངས་སུ་སྐྱོད་པའི་རྒོད་པོ་འགའ།།

ཕྱི་མིག་བརྩེག་ཅིང་སྲིད་པའི་སྒང་གཤོང་བརྒལ།།

སྤྲིན་པའི་རྒྱབ་རོལ་གནས་པའི་ཉི་མ་ལགས།།

ཆར་ཟིལ་གསེར་སྐྱེམས་ང་ཡིས་ཁྱེད་ལ་མཆོད།།

མཚན་མོ་རྐྱང་པས་བདག་ལ་མི་གཙེ་བའི།།

ཤམ་བྷ་ལ་ཡི་རུམ་དུ་བཅུག་པར་མཛོད།།

  • ལེ་ཚན་སྔོན་མ།:ང་ཡི་ལང་ཚོ་དང་ཁྱེད་ཀྱི་འགྱུག་བག
  • ལེ་ཚན་རྗེས་མ།:ཨ་མ་སེམས་ནང་གི་བྱིས་ཕྲུག་ང་།