མགར་ཐར་བཀྲ་ཤིས་ཆོས་ལྡན། 2019-10-10
གཟའ་འཁོར་འདི་དག་ལ་ཁ་བའི་འདབ་མ་མང་པོ་ཉིན་མཚན་བསྟུད་མར་ལྷུང་སྟེ། རྫ་ཁའི་གྲོང་རྡལ་འདིའི་རི་ལུང་ཐང་གསུམ་ནི་དཀར་སིང་སིང་གི་དངུལ་མདོག་གི་འཇིག་རྟེན་ཞིག་ཏུ་བསྒྱུར་ཞིང་། ཕྱོགས་ཀྱི་ཆ་བཞག་མེད་པའི་ལྷགས་རླུང་སིལ་མས་ལུས་ཕུང་དང་ཡན་ལག་གི་ཚོགས་ལ་འཇབ་སྟེ་རྒོལ། དུས་འདིའི་སྙན་ངག་འབྲི་བའི་སེམས་ཁམས་ནི་ཆབ་རོམ་གྱི་དཀྱིལ་དུ་ལུས་པའི་ཉ་སྲིན་ཇི་བཞིན། འགུལ་ཤུགས་དང་མཆོང་རྩལ་མེད་པར་ཁུ་སིམ་མེར་གྱིས་བག་ལ་ཉལ་ནས་ལུས། དེའང་འཁྱག་པའི་གནམ་གཤིས་ཀྱིས་བསྐྱེད་པའི་སེམས་ཀྱི་འཕོ་འགྱུར་གཞན་ཞིག་སྟེ། སྙན་ངག་འབྲི་དུས་ཀྱི་བྱིས་བློ་འགའ་ལ་ཐུན་མིན་གྱི་དྲོད་ཁོལ་དང་དབྱར་གྱི་མཛེས་པ་མཁོ་ཆེ་བས་སོ།།
ད་ནི་ཆེས་མཐའ་མཇུག་གི་འདེམས་ཀའི་ལས་དབང་ལ་སྒུག་པའམ། ཡང་ན། དངུལ་མདོག་གི་འཇིག་རྟེན་འདི་དང་གཏན་དུ་གྱེས་ཏེ་ཆར་ཞོད་འབེལ་བའི་དབྱར་གཞུང་ལྷག་མ་ཞིག་ཏུ་བསྙེག་པར་རྩོམ་པའི་སྟ་གོན་གྱི་ལས་ལ་འཇུག་པར་བྱའོ།། ཆུ་ལྟར་ཁོལ་བའི་ཚོར་བ་སྐྱེན་པོ་འདིས་ཁ་བའི་འདབ་མ་དང་ལྷན་དུ་སྟོང་སང་སང་གི་སྙན་ངག་ཚང་གི་སྒོ་མོ་རྡུང་དུས། ཆེས་སྤྱིར་བཏང་ཡིན་པའི་སྙན་ངག་གི་ཕོ་བྲང་དུའང་འཛུལ་ཐབས་བྲལ། དེང་འདིར་སྙན་ངག་མ་ཡིན་པའི་སྙན་ངག་ཅིག་གིས་དགུན་གཞུང་གི་སྒོ་འཕྱོར་ནས་འཕག་འཚག་གི་ང་རོ་སྒྲོག་པའམ། ཡང་ན། འཁྱག་པའི་བང་རིམ་ལ་བརྩེགས་པའི་འཁྲུལ་སྣང་གི་ཕུང་པོ་ཁོ་ན་སྙན་ངག་གི་བརྗོད་སྙིང་དུ་བཏགས་ཏེ། ཁ་བའི་འདབ་མ་སྤུངས་པའི་འཇིག་རྟེན་གང་ཞིག་ནས་དབྱར་ཁའི་མཛེས་ཞལ་མཐོང་བའི་སྐལ་བཟང་ལ་རེ་སྒུག་བྱེད་པའམ། ཡང་ན། བསིལ་རླུང་གི་ངར་ཤུགས་རྒོད་པའི་གྲུ་ཁ་གང་ཞིག་ནས་ལྗང་མདོག་གི་སྤང་ཐང་མཇལ་བའི་སྨོན་ལམ་འདེབས་པའོ།།
ཅིའི་ཕྱིར། འཁྱག་པར་དགའ་བའི་གངས་གྲོང་གི་མི་རྣམས་ལ་དགུན་ཁའི་སྙན་ངག་གི་གཏེར་རྫས་མང་བ་རེད། ལོས་ཡིན་ཏེ། དེ་དག་ལ་ལྷོག་ལྷོག་ཏུ་ཁོལ་བའི་སྙན་ངག་གི་བླ་སྲོག་མཆིས་པས་སོ།། ཁོང་ཚོའི་ཚོར་བའི་ནང་དུ་དགུན་ཁར་མེ་ཏོག་འཁྲུངས་པའི་ས་བོན་བཏབ་ཡོད་ཕྱིར། ཁོང་ཚོའི་རུས་པའི་གསེབ་ཏུ་ལྷ་ཚོགས་མདུན་དུ་འགུགས་པའི་བདུད་རྩི་འཁྱིལ་ཡོད་ཕྱིར། ཁོང་ཚོའི་ཟུངས་ཁྲག་གི་ཀློང་དུ་དག་པ་རབ་འབྱམས་སྣང་བའི་ཆོ་འཕྲུལ་སྤེལ་ཡོད་ཕྱིར། ཁོང་ཚོའི་སྙན་ངག་ནི་རྩ་ལམ་དུ་འགུལ་བའི་འབུ་ཕྲ་དེར་ངེས་པས་གྲངས་འབོར་མང་། ཁོང་ཚོའི་སྙན་ངག་ནི་དུས་གསུམ་དུ་རྒྱུ་བའི་རྣམ་ཤེས་དེར་ངེས་པས་བཞུར་རྒྱུན་རིང་། ཁོང་ཚོའི་སྙན་ངག་ནི་བདེ་སྡུག་ལ་བཏབ་པའི་མྱོར་ཚོར་དེར་ངེས་པས་འགྱུར་ལྡོག་སྐྱེན། དེའི་ཕྱིར། ཁོང་ཚོའི་སྙན་ངག་ནི་མཐོ་སྒང་གི་གཞས་དབྱངས་དང་དགུན་གཞུང་གི་འོ་མ་ཡིན།
དགུན་གཞུང་དེར་ཡ་ཡོ་ཁྱར་ཁྱོར་གྱིས་གོམ་འགྲོས་དལ་མོ་གངས་ཐང་ལ་སྤོས་ནས་ཁ་བའི་འདབ་མ་སྣ་ཚོགས་སྙན་ངག་གི་ལྷ་མོ་ལ་མཆོད་པར་བྲེལ་ནའང་། ཕྱོགས་སུ་ཐོར་བའི་ཁ་བའི་འདབ་མ་དག་ནི་ལག་ཏུ་ཐོགས་རྒྱུ་མེད་པའི་རྨི་ལམ་ནང་གི་སྐྱེད་ཚལ་ཞིག་དང་གཉིས་སུ་མི་འདུག བདག་ནི་ངལ་ཞིང་དུབ་པའི་མཐའ་ལ་གཏུགས་རུང་སྙན་ངག་གི་ལྷ་མོ་དགྱེས་པའི་ཁ་བའི་འདབ་མ་དེ་མ་རྙེད་ཕྱིར། ད་ནི་རི་རབ་ལྷུན་པོའི་རྩེ་མོར་འཛེགས་ཏེ་སྐབས་གསུམ་སྒྱུ་མའི་གྲོང་ནས་ཁ་བའི་འདབ་མའི་ཡོང་ཁུངས་བཙལ།
གལ་ཏེ། ཁ་བའི་ཆེད་ཁུངས་ལས་རྙེད་པའི་འདབ་མའི་ཕྲེང་ཚོགས་དག་མཐོང་སྲིད་ན། བདག་གིས་སུ་ལའང་འདྲི་ཚིག་མེད་པར་སྙན་ངག་གི་ནང་ཁྲོལ་ལ་འཇུས་ཏེ། གྲོང་རྡལ་དང་ཁྲོམ་གསེང་གང་ནས་ཀྱང་སྙན་ངག་དང་ཁ་བའི་འདབ་མའི་ལས་དབང་དང་སྐྱིད་སྡུག་གླེང་བར་སྤོབས།
རྟག་པར་སྙིང་ལ་བཅངས་པའི་རེ་སྨོན་ཞིག་ཡོད་པ་ནི། ལྷུག་པོར་གྲོལ་བའི་ཁ་བའི་འདབ་མ་འགའ་ཤས་སྙིམ་པར་བཏེགས་ཏེ། ཁྱོད་ལ་ཆེས་དགའ་བའི་ལེགས་སྐྱེས་སུ་ཕུལ་བར་འདོད། ཡུན་རིང་འགོར་བའི་ལོ་ཟླ་འདི་དག་ལ་སྙན་ངག་རྣལ་མ་ཞིག་གི་བླ་སྲོག་འཚོལ་ཕྱིར་དུ། འདབ་དྲུག་ཁ་བའི་འཇིག་རྟེན་མང་པོ་ཞིག་ངལ་དུབ་ཀྱིས་བརྒལ་ནའང་། ཕོན་པོར་གྱུར་པའང་ཁེར་རྐྱང་དུ་བཞད་པའི་ཁ་བའི་འདབ་མ་ཞིག་ནི་གཏན་ནས་མ་རྙེད་སྟབས། འདབ་དྲུག་ཁ་བའི་རྣམ་ཤེས་འཁོར་བའི་སྙན་ངག་དག་མ་ཞིག་གི་ལས་དབང་ལ་བསམ་གཞིག་བྱས་ཤིང་། ཁ་བ་དང་མ་འབྲེལ་བའི་སྙན་ངག་ལྷ་མོ་ཞིག་ལ་སྙིང་གཏམ་གླེང་བའི་དམ་བཅའ་དང་བསྒྲགས་གཏམ་མང་དུ་སྤེལ་བར་བྱའོ།།
ད་དུང་ཉིན་ཞག་འདི་དག་ལ་ཁ་བའི་འདབ་མ་འབོར་ཆེན་མཆོད་རྟེན་གྱི་བང་རིམ་བཞིན་དུ་གྲོང་རྡལ་གྱི་ཉིན་སྲིབ་ལ་བརྩིགས་ཀྱང་། སྐྱེས་སུ་འབུལ་བར་འོས་པའི་ཁ་བའི་འདབ་མ་ཞིག་ནི་ཉིན་སྲིབ་སྦྲེལ་ནས་བཙལ་ནའང་མོ་གཤམ་གྱི་བུ་དང་རུས་སྦལ་གྱི་སྤུ་ལྟར་དུ་ལག་པས་སྐྱོར་བའི་སྐབས་མ་རྙེད། གཞན་ཡང་། རྫ་ཆུའི་འགྲམ་དུ་སྤུར་བའི་ཁ་བའི་འདབ་མ་འདི་དག་ཀྱང་དོན་དམ་པར་རྫ་ཆུ་ལ་དབང་བའི་མེ་ཏོག་འདབ་དྲུག་དེ་ཡིན་སྲིད་པས་ང་ཚོས་ལོངས་སྤྱོད་ཆོག་ཆོག་ཅིག་ཏུ་མཐོང་ངམ། གྲོང་རྡལ་འདིའི་རྒན་པ་ཚོས་བཤད་ན། ལྷུང་ལྷུང་བཞུར་བའི་རྫ་ཆུའི་གླུ་སྐད་དག་ལ་གཟབ་ནན་གྱིས་ཉན་ཞོར་དུ་འདབ་དྲུག་ཁ་བའི་ལས་དབང་གསོན་པོ་དེ་སྙན་ངག་གི་མཛེས་རྟོག་ལ་སྦྲེལ་ཐུབ་ན། རྫ་ཆུའི་ཟམ་ཆེན་སྟེང་ནས་སྙན་ངག་དང་ཁ་བའི་འདབ་མ་གཉིས་ནི་ཕན་ཚུན་བསྣོལ་མར་སྦྲེལ་བའི་དགུན་གཞུང་གི་འཇའ་འོད་འབའ་ཞིག་ཏུ་བརྩི་ཆོག་ཟེར།
ཉིན་འགའི་རྗེས་ནས་གློ་བུར་དུ་ཁ་བའི་འདབ་མ་འགའ་ཞིག་བདག་གི་ལག་པའི་མཐིལ་ཏུ་ལྷུང་། འདབ་མ་དག་ལ་དར་ཚོན་སྣ་ལྔ་ལྟ་བུའི་དཀར་སེར་དམང་ལྗང་གི་འོད་རིས་འཁྱུགས་ཤིང་། ཟ་འོག་རི་མོ་ཇི་བཞིན་བློ་ཡུལ་ལས་འདས་པའི་མཚར་སྡུག་གི་སྣང་བ་རྒོད་དུས། གློ་བུར་གློ་བུར་དུ་ཆུ་ཡི་ཕུང་པོ་ཞིག་ལས་ཅི་ཡང་མི་སྣང་བར་གྱུར། དེ་དུས་ཤིན་ཏུ་སྐྱོ་བའི་གྲོང་རྡལ་འདིའི་ཡུལ་མི་རྣམས་ཀྱིས་འདབ་དྲུག་ཁ་བའི་ཆེད་དུ་སྨོན་འདུན་བརྒྱ་ཕྲག་བཏབ་སྟེ། གནས་ཤམ་བྷ་ལ་དང་བདེ་བ་ཅན། དགའ་ལྡན་ཞིང་དང་འོག་མིན་གླིང་བཅས་སུ་འབྱོར་ནའང་དགུན་གཞུང་གང་ཞིག་ཏུ་བཞད་པའི་ཤུལ་ལུས་ཀྱི་ཁ་བའི་འདབ་མ་དག་ལ་ཕྱིར་དྲན་བྱེད་འོས་པའི་འགན་འཁྲི་བླངས་ཤིང་། ཁ་བའི་འདབ་མ་མེད་པའི་སྤང་ཐང་ཞིག་ནས་རང་བྱུང་ཁམས་དང་གདོད་མའི་དབྱིངས་ལ་གདུང་འབོད་བྱེད་པའི་གོམས་སྲོལ་སྤེལ་ནུས་ཟེར། ལྷག་ཏུ་བདག་ལ་མཚོན་ན་ནི་དགུན་གཞུང་འདི་ནས་སྙན་ངག་བཙལ་དཀའ་ཞིང་ཁ་བའི་འདབ་མས་གཟན་པར་བྱས་པས། ངས་དུས་ཚོད་འདི་དག་ལ་སྙན་ངག་དང་ཁ་བའི་བར་གྱི་ལས་འབྲེལ་ལ་མནོ་བསམ་ཡང་ཡང་གཏོང་དགོས་བྱུང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10