རང་ཉིད་བོར་བའི་མི་ལོ་འདི་དག

མིག        2019-09-02

རང་ཉིད་བོར་སོང་། རྣམ་ཤེས་བོར་སོང་། ཕུགས་བསམ་བོར་སོང་། རང་རྟོན་བོར་སོང་། བསམ་བློ་བོར་སོང་། ཐ་ན་མི་ཞིག་ཡིན་པའི་རྩ་དོན་ཡང་བོར་སོང་བའི་མི་ལོ་འདི་དག དབྱར་གྱི་ཆར་བ་ལ་ཤག་སྒྲ་ཡོད་ཀྱང་ཆུ་ཐིགས་སྙིང་ལ་ཟགས་མ་ཐུབ། འདི་ནི་མི་ཚེའི་སྙིང་བོ་མ་རྟོགས་པའི་འཇིག་རྟེན་པ་ཞིག་གི་བེམ་པོ་ཡིན་ནམ། འཁོར་བའི་ངེས་དོན་བརྗེད་པའི་བེམ་པོའི་རང་གཟུགས་ལ་ཚོར་བ་མ་མཆིས་པའི་ཐབས་ཆག་གི་མི་ཚེ་ཞིག་ཡིན།

ང་མི་ཞིག་ཡིན། འོན་ཀྱང་ངས་མི་ཡི་ཕྱི་ལྤགས་གྱོན་པ་ཙམ་ལས་མིའི་རྣམ་ཤེས་ཁུར་བོར་སོང་། དོན་ངོ་མ་ང་མི་ཞིག་ཡིན་ནམ། ང་ལ་དོན་གྱིས་དབང་རྩ་ཚང་ངམ། མི་ལོ་འདི་དག་ལ་རོལ་མོ་མེད་པའི་གླུ་སྐད་རེ་རེ་ངག་ལ་བརྒྱུས་ནས་ང་རྒྱལ་གྱི་མགོ་འཕང་བསྟད་ཅིང་ལྟ་བ་མཁྲེགས་འཛིན་གྱི་སྒེར་གཤིས་བསྐྱངས་པས། ལོ་ཟླ་རེ་རེ་ནག་ནོག་གི་དྲི་མས་སྦགས་ཏེ་སྔར་བཞིན་མི་ཚེ་སྐྱ་བོ་ཞིག་གི་ཟློས་གར་འཁྲབ། འདི་མི་ཞིག་གི་ལས་བྱ་དང་རང་ངོ་ཟིན་པའི་གང་ཟག་ཞིག་གི་འཚོ་བ་སྐྱེལ་ལུགས་ཡིན་ནམ། གསོན་པོའི་མི། ང་ཇི་ལྟར་འགྲེང་ནས་འགྲོ་ཡི་འདུག ངས་ཇི་ལྟར་འཇིག་རྟེན་གྱི་ཟུར་རེ་རེ་ན་བསུབ་ཏུ་མེད་པའི་རྐང་ཐམ་དཔར་གྱི་ཡོད། ཡང་ན་ངའི་རྣམ་ཤེས་སུ་ལ་དབང་། ལུས་པོ་ལ་དབང་བ་ཡིན་ན་རང་མཐོང་གི་མེ་ལོང་ཞིག་མི་མངའ་དོན་ཅི། སེམས་ལ་དབང་བ་ཡིན་ན་ངོ་ཚ་ཁྲེལ་ཤེས་ཀྱི་གནས་ལུགས་ཤིག་མི་རྟོགས་དོན་ཅི། དོན་ངོ་མ་ངས་ཅི་ཞིག་བོར་སོང་བ་རེད། ང་སུ་རེད། མི་སྐད་སྨྲ་བ་ལས་མི་དོན་ངོས་མ་ཟིན་ན་ང་མི་ཡིན་ཟེར་ས་འགྲོའམ།

མི་ཚེ་རླུང་བུ་ལ་བསྐུར་ནས་ཕུགས་བསམ་ལག་པས་མ་ཟིན་ལ། ཕུགས་བསམ་དར་ལྕོག་ལ་བརྒྱུས་པའི་གནམ་སའི་མཚམས་ནས་ཚེ་སྲོག་གི་དབྱངས་རྟ་རེ་རེ་ཟད། རང་གི་འདོད་པར་མི་དབང་བའི་འཚོ་བ་བསྐྱངས་ཤིང་འཁོར་བ་བསྙེགས། ཉི་མ་ཤར་ནས་འཕགས་ཤིང་ནུབ་ཏུ་གཟིམ་པའི་བར་རང་ཚུགས་ཀྱི་བླ་གཤིས་བྲལ་བའི་བསླུ་བྲིད་ཀྱི་སྒྲོག་འོག་ནས་མཐའ་མེད་པའི་རྩྭ་ཐང་ང་ལ་མ་དབང་། ལོ་ཟླ་མར་མེ་བཞིན་ཟད་ཀྱང་རྨོངས་བའི་གཏི་མུག་གི་ལྕགས་ཁྲ་ལས་ཡིད་དུ་འོང་བའི་ཕུགས་བསམ་གྱི་ལྷ་མོ་སྨག་ནག་གིས་བསྒྲིབས། ངས་ཅི་ཞིག་བོར་ཟིན་པ་རེད། རྣམ་ཤེས་ཡོད་པས་ང་མི་ཡིན་ཟེར་ན་ཆོག་གམ། མི་ཚེ་ལ་ཁ་ཕྱོགས་མེད་ལ་མདུན་ལམ་ལ་དམིགས་ཡུལ་མེད་པའི་ལོ་ཟླའི་སྐས་རིམ་རེ་རེ་ནས་ཕྱིར་མིག་ཐེངས་གཅིག་འཕངས་དུས་ད་གཟོད་ང་ནི་ཕུགས་བསམ་གྱི་མཛེས་པ་མ་རྟོགས་པའི་གྲོང་མཐའི་ཁྱི་སྡོམ་ཞིག མི་ལོ་འདི་དག་ལ་ཨ་གསར་གྱི་དགའ་ཕྱོགས་ལས་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་ཡེ་ནས་མ་མཆིས་ལ། རྨང་ནས་མི་མངའ། ལ་ལ་ཞིག་ཕུགས་བསམ་གྱི་ཆེད་དུ་འཚོ་ཞིང་ཕུགས་བསམ་གྱི་དོན་དུ་ཡོད་ཚད་བློས་བཏང་། ང་། དོན་ཅི་ཞིག་གི་ཆེད་དུ་འཚོ་བཞིན་ཡོད། ངས། གང་ཞིག་གི་སླད་དུ་ཡོད་ཚད་བློས་གཏོང་གི་ཡོད། ང་། བླང་དོར་གྱི་གནས་ལ་མ་རྨོངས་པའི་འགྲོ་བ་མི་ཞིག་ཡིན་ནམ། ང་ལ། ཕུགས་བསམ་ཞེས་རྡོག་རྡོག་ཅིག་མིག་ལ་ངོམ་རྒྱུ་དང་སེམས་ལ་འཆར་རྒྱུ་ཨེ་ཡོད། གླེན་པོའི་མི། རང་ཉིད་བོར་བས་ཕུགས་བསམ་གླེང་ཐུབ་བམ། ཕུགས་བསམ་བོར་བས་མི་ཚེའི་རིན་ཐང་ཇི་ལྟར་གླེང་། ང་ལ་སྒུལ་ཤུགས་མེད། ང་ལ་འཐབ་ཕྱོགས་མེད། བེམ་པོ་དུར་ནང་དུ་མ་བཅུག་པ་ཙམ་ལས་ང་ལ་ཅི་ཡང་མེད་ལ་གང་ཡང་མ་རྟོགས། རྒྱུ་མཚན་ངས་རང་ཉིད་བོར་ཟིན། ཕུགས་བསམ་བོར་ཟིན།

མཚོ་མོ་ཞིག་གི་འགག་ཕྲེང་བརྒལ་ནས་བླ་ན་མ་མཆིས་པའི་ངོ་མཚར་གྱི་གཏམ་རྒྱུད་ཅིག་འབྲི་བར་རྩོམ་དུས་ངའི་བརླ་ཤ་འདར་ཞིང་རུས་ཚིགས་ན། སྙིང་རྩ་འཕར་ཞིང་མིག་དབང་ཉམས། རྔམ་བརྗིད་ཀྱིས་འགྱིང་བའི་རི་རབ་ཅིག་ཐད་ཀྱིས་བརྒལ་ཏེ་རང་དབང་གི་གཤོག་པ་མཁའ་ལམ་དུ་བརྐྱངས་ནས་མི་ཚེའི་སྙིང་དོན་ངག་ནས་གྱེར་ན་འདོད་དུས་མིད་པ་འགག་ཅིང་ལྕེ་རྩེ་སྦྲིད། རྐང་ངར་ཞུམ་ཞིང་སྒྱིད་པ་གཟེར་བ་སོགས་མདོར་ན་ངས་ཐུབ་སྙམ་པའི་སེམས་ཤིག་མེད་ལ་ངས་འགྲུབ་བསམ་པའི་ཡིད་ཆེས་ཀྱང་ཡེ་ནས་དབེན། དོན་དམ་དུ་ངས་ཅི་ཞིག་བོར་ཟིན་པ་རེད། འདི་ལྟར་མི་ལོ་སྣུམ་གྱིས་མ་ཟིན་པར་སྐྱ་སེང་ངེར་ཟད་ཅིང་ཐེ་ཚོམ་གྱི་བར་ནས་ཕྲེང་ཐག་རེ་རེ་བཞིན་ཆད་དུས་ང་དང་ལོ་མཉམ་གྱི་མི་བུ་དེ་དག་གཤོག་ཟུང་གི་འཁྱུག་རྩལ་དང་རྟ་ཕོའི་བང་རྩལ་ལས་མཐའ་མི་མངོན་པའི་གནས་སུ་ཆས་ཤིང་རང་ཉིད་གཅིག་པུ་དབེན་པའི་ལུང་ཁུག་ན་ལྷག སྐབས་དེ་ནས་བཟུང་། ངའི་ཡིད་ཀྱི་ཕངས་བ་གཏིང་ནས་འཕྱུར་ཞིང་ཁོག་ནས་གཟེར་བར་བརྩམས། འདི་ལྟར་ཀླད་རུས་སྐམ་པོའི་ནང་ནས་ཚིག་འབྲུ་ཤི་བོ་ཞིག་གི་སྐུ་ཚབ་ཏུ་ཕུགས་བསམ་གླེང་དུས། ཕུགས་བསམ་ནི་ཕུགས་བསམ་ཁོ་ན་སྟེ། ཡིད་རྟོན་གྱི་རྐྱ་ཡ་མེད་ན་སེམས་ཀྱི་རྒྱལ་ཁམས་ལག་པས་མི་ཟིན་ལ་མིག་གི་ཞིང་ཁམས་དང་སེམས་ཀྱི་ལོངས་སྤྱོད་ལ་མི་དབང་། རང་ཉིད་བོར་དུས་ཚེ་སྲོག་ཀྱང་བོར་བ་མ་ཡིན་ནམ། ཡིད་རྟོན་བོར་དུས་མཛེས་སྡུག་དང་སྤྲོ་སྐྱིད་བོར་བའང་ཅི་ལ་མིན།

འཚོ་བའི་བཞི་མདོ་རེ་རེ་ནས་སྒེར་ཚུགས་ཀྱི་བསམ་བློ་བོར་ཞིང་ཁ་ཕྱོགས་འདེམས་པའི་ནུས་པ་ཉམས། གཞན་པའི་མཛུབ་སྟོན་མེད་ན་གོམ་གང་མདུན་དུ་སྤོ་མི་སྤོབས་ལ་གཞན་གྱི་སྣེ་ཁྲིད་མེད་ན་རང་གི་བསམ་བློ་གཙོ་བོར་བྱས་པའི་གདམ་གསེས་ཀྱི་སྙིང་སྟོབས་མེད། ང་ལ་དོན་དམ་དུ་དུད་འགྲོ་ལས་ལྷག་པའི་ཁྱད་ཆོས་ཅི་ཞིག་ཡོད། འགྲེང་ནས་འགྲོ་ཐུབ་པའམ་ཡང་ན་སྨྲ་ཤེས་དོན་གོ་བ་ཙམ་ཁོ་ནས་རང་ཉིད་དུད་འགྲོ་མིན་པ་མཚོན་ཐུབ་པ་ཨེ་ཡིན། ངས་སྨྲ་ཤེས་ཤིང་དོན་རྟོགས། འོན་ཀྱང་ང་ལ་དུད་འགྲོ་ལས་ལྷག་པའི་བསམ་བློ་མེད། ཡར་ཐོན་གྱི་འདུ་ཤེས་མེད། གཞན་ཕན་གྱི་ཀུན་སློང་མེད། གསོན་པ་ཁོ་ནའི་ཆེད་དུ་ཟས་ཟ་བ་ལས་ཉི་མ་རེ་རེ་བསྐྱར་ཟློས་དང་ཁ་སང་གི་ལམ་ལ་དེ་རིང་སྔར་བཞིན་བརྒྱུད་དེ་གསོན་པོའི་མི་ལ་ཤི་བོའི་བསམ་བློ་ཞིག་ལས་གསོན་པོའི་མི་ལ་ལྷོག་ལྷོག་ཏུ་འགུལ་བའི་བསམ་བློའི་ཚེ་སྲོག་མེད། ཆར་གྱི་ཟེགས་མ་སྐྲ་རྩེ་ནས་མ་བཞུར་ཡང་དཔྱིད་ཀྱི་དངོས་གྲུབ་ཏུ་འདོད་མ་མྱོང་། ཁ་བའི་འདབ་མ་མིག་གོང་ནས་བབས་ཀྱང་དགུན་ཁའི་མཛེས་པར་མ་མཐོང་། གཡུ་སྦྲང་གི་དབྱངས་འགྲོས་རྣ་ལམ་དུ་བརྒྱུད་ཀྱང་དབྱར་གྱི་བསུང་ངད་སྣ་བས་མ་ཚོར། འབྲུ་རིགས་སྙེ་མ་རླུང་གིས་བསྐྱོད་ཀྱང་སྟོན་གྱི་འཚོ་བཅུད་ལྕེ་རྩེའི་རོ་ལ་མ་ཁུག ཡང་ན་བསམ་བློ་ལ་སྐེ་ཐག་བསྐོན་པས་ཚད་བཀག་གི་འཇིག་རྟེན་ཙམ་ལས་ངའི་ནང་སེམས་ཀྱི་འཇིག་རྟེན་ལ་མ་སླེབས་པ་ཡིན་ནམ། ངའི་འཇིག་རྟེན་ལ་མ་གཞི་ནས་བསམ་བློ་ཞེས་པའི་ཐ་སྙད་ཀྱི་གནས་ཚང་ཞིག་མེད་པས་ཡིན། ཤི་བོའི་རོ་ལ་བསམ་བློ་མེད་ཟེར་ན་བློ་ཡུལ་དུ་ཤོངས་མོད། གསོན་པོའི་ལུས་ལ་བསམ་བློ་མེད་ཟེར་ན་ཡིད་ངོར་འཆར་ག་ལ་ཐུབ། མི་ཐུབ་པའི་དོགས་གཞིའམ་གནས་ལུགས་འདིས་ཅིས་ཀྱང་ངའི་སྒམ་ཚུགས་སུ་གྱུར་བའི་རིང་ལུགས་ལ་གཡོ་འགུལ་བཟོ་མ་ཐུབ། ཤི་བ་ལས་ལྷག་གི་སྡུག་བསྔལ་ནི་འཚོ་བའི་གླེགས་བམ་རེ་རེའི་ཁྲོད་ནས་བསམ་བློ་མ་རྙེད་པར་མུན་ནག་ཏུ་ལག་སྙོབ་བྱེད་པ་དེ་ཡིན་ལ། འཁོར་བའི་མཐའ་མཚམས་རེ་རེ་ནས་གཞན་རྗེས་སུ་འབྲངས་ནས་གཞན་གྱི་སྐྱོ་གར་རང་ཉིད་ཀྱིས་འཁྲབ་པ་དེ་ཡིན།

རང་འདོད་ཀྱི་རྔམ་མཐུག་པའི་དཀར་འོག་འཇིག་རྟེན་གྱི་ཟུར་རེ་རེ་ནས་ཁེ་དབང་དང་སྙན་གྲགས་རྩོད། རྩོད་པ་དེ་དྲང་བདེན་མིན། གནས་ལུགས་མིན། རྩོད་པ་དེ་མི་གཞི་དང་འགལ་བའི་སྒེར་གྱི་སྙན་གྲགས་ཡིན། མི་དོན་ལས་ཚད་བརྒལ་གྱི་ཁེ་དབང་གི་ཧམ་སེམས་ཡིན། ཧམ་སེམས་ཀྱི་ཟུངས་ཁྲག་ཤུགས་ཆེ་བས་ངས་མཐའ་མཇུག་མིའི་རྩ་དོན་ཡང་བོར་སོང་། ནང་སེམས་ལ་རྒྱབ་འགལ་བྱས་ཏེ་དགུན་སྟག་མོའི་ཁ་ནས་ཁུ་བྱུག་གི་གྲེ་དབྱངས་གྱེར་ཅིང་། དབྱར་འབྲུག་སྐད་བར་ནས་ཁ་བའི་སྒྲོ་འདོགས་བྱས། བྱ་ངན་སྤྱོག་བཙོག་གི་ལས་ལ་འབད་དེ་གངས་དཀར་པོ་ཞིག་ལ་ནག་ཐིགས་ཕབ། སེམས་གཙང་མ་ཞིག་དྲི་མས་སྦགས། ལྷོག་ལྷོག་འགུལ་བའི་ཚེ་སྲོག་གསོན་པོ་ཞིག་ཁེ་ཕན་གྱི་ཨ་ལོང་ལ་བསྐོན་ནས་ངའི་མཐའ་མཇུག་གི་རྩ་དོན་དམ་ལ་ཐོགས། ཡིན་ཏེ་ངས་སྔར་བཞིན་རྒྱུ་མཚན་དང་གནས་ལུགས་འདྲེན་རྒྱུ་མེད་པར་སྤྱི་ཚོགས་ལ་ལེ་བདའ་བཏང་། འཚོ་བ་ལ་ཁ་གཡར། འོན་ཀྱང་བདེན་པའི་བླ་སྲོག་གྲི་ཁ་རེ་རེ་ནས་ཟད་དེ་ང་ལ་ལྷག་པ་ནི་རྩ་དོན་མེད་པའི་སྤྱང་ལྟོགས་བཞིན་གར་ཐུག་སོ་ཡིས་བཏབ་ཅིང་གར་རེག་སྡེར་མོས་བྲད་ནས་གཞན་གྱི་རྩིས་ཐང་སྣང་མེད་བྱས། རང་གི་ཁེ་ཕན་དེའི་ཆེད་དུ་མི་གཞི་བོར། རང་གི་རྩ་དོན་བོར། རང་ཉིད་ཀྱང་རྩ་ནས་བོར། རང་ངོ་རང་གིས་མ་ཟིན་པའི་མི་ལོ་འདི་དག་ནི་དམྱལ་ཁམས་ཀྱི་གཏིང་རུམ་ནས་འཕག་འཚག་གི་ང་རོ་བསྒྲགས་པ་དང་ཀུན་ནས་མཚུངས། རང་ཉིད་བོར་བའི་སྡུག་བསྔལ་འདི་སུ་ཞིག་གིས་རྟོགས་སྲིད་དམ། མིའི་རྩ་དོན་མེད་པའི་མི་ལུས་འདིའི་ན་ཟུག་སུ་ལ་ཡོད། ཕུགས་བསམ་བོར་བའི་ལོ་ཟླ་འདི་ཅི་ཞིག་གིས་གསབ་ཐུབ་བམ།།

  • ལེ་ཚན་སྔོན་མ།:ཁོ་ཧྥེ་ལས་མཁན་གྱི་བུ་མོ།
  • ལེ་ཚན་རྗེས་མ།:ད་ལྟ་དང་ཉེ་ཟུར་གཅེས་པར་གདམས་པའི་གཏམ།