ད་ལྟ་དང་ཉེ་ཟུར་གཅེས་པར་གདམས་པའི་གཏམ།

གླག་ཀུན་བཟང་བསོད་ནམས།        2019-09-04

     མི་ཕལ་ཆེར་གྱིས་ནི་ད་ལྟའི་འཚོ་བ་རློན་པ་དང་། འགྲམ་གྱི་གཉེན་གྲོགས་གསོན་པོ།   རྐང་འོག་ཏུ་ནོན་པའི་ལམ་དང་ལག་ཐོག་ནས་བཞུར་བའི་དུས་སོགས་ལ་གཅེས་འཛིན་དང་སེར་སྣ། མཐོང་ཆེན་མི་བྱེད་ཁར་སུན་པའི་སྣ་གཉེར། དུབ་པའི་ལྕེ་སྐམ། ཞེད་པའི་ཁ་འཁྱོག་ཁུལ་བྱེད་དེ། དཔེར་ན། བྱིས་པ་ཚོ་ནི་ལྷད་མེད་འཛུམ་མདངས་ཀྱི་རྒྱལ་སྲིད་དང་དྭངས་གཙང་བྱིས་བློ་ཡི་རྒྱལ་ས།  ལྷོད་གཡེང་རྩེད་མཚར་གྱི་གསེར་ཁྲི་སོགས་མངའ་དབང་དུ་ཡོད་དུས་གསེར་གསེར་དུ་མི་མཐོང་ཞིང་།  དངུལ་དངུལ་དུ་མི་ཤེས་པར་ནར་སོན་པ་དང་། བཟའ་ཚང་སྒྲིག་པ། བུ་ཕྲུག་སྐྱོང་བ་སོགས་ལ་ཡིད་སྨོན་གྱི་ཁ་ཆུ་འཛག་ཁུལ། ཡི་རང་གི་མིག་རྡོ་བགྲད་ཁུལ། རྨི་ལམ་གྱི་ལག་པ་རྐྱོང་ཁུལ་བྱེད་ཅིང་།  ནར་སོན་ནས་སྒྱེད་པུ་བཙུགས་དུས་ད་གདོད་བྱིས་དུས་ཀྱི་ཡོད་དོ་ཅོག་ལ་བློས་མི་ཐོངས་པའི་ཕྱིར་མིག་འཕེན་ཞིང་། སྐྱུར་མི་བྲ་བའི་མཆི་མ་འཁྲུག་བཞིན། གལ་ཏེ་ཕྱིར་བྱིས་དུས་སུ་ལོག་ཐུབ་ན་ “ གསོན་ན་ཟས་མི་དགོས། ཤི་ན་ཆོས་མི་དགོས ” ལྟ་བུའི་འགྱོད་སྐད་དང་སྡར་སྐད་འཆོར་བ་ཡང་མི་ཚེའི་འགྲོ་ལུགས་ཤིག་གམ་ཆོས་ཉིད་ཅིག་ཀྱང་ཡིན་པ་འདྲའོ།།

    དེ་བཞིན་དབྱར་དུས་ཀྱི་ཚ་དུབ་ལ་བསྲན་མ་ཐུབ་པ་དག་གིས་དགུན་གྱི་རླུང་བུ་དང་ཆབ་རོམ།  ཁ་བ་སོགས་བསིལ་ཞིང་གྲང་བའི་རིགས་ལ་ཁ་བདེ་མོ་དང་ལྕེ་རྣོན་པོས་བསྟོད་པ་བྱེད་ལ། དགུན་གྱི་པང་འཁྱགས་སུ་སླེབས་དུས། ད་གདོད་དབྱར་གྱི་དྲོད་ཁོལ་དང་ཉི་ཟེར་ཚ་མོ་ལ་རྨི་ལམ་ནས་ཀྱང་ཨེ་ཐུག་ཅིག་བལྟ་སྲིད།

     གཞན་ཡང་།  འབྲོག་པ་དང་རོང་བས་ཀྱང་རང་ཉིད་ཀྱི་འཚོ་བ་སྡུག་སྣང་གིས་གཅིག་ཤོས་ཀྱི་འཚོ་བ་ལ་ཡིད་སྨོན་བྱེད་ཁུལ་བྱེད་ལ། གྲྭ་བ་དང་སྐྱ་བོ་ཡང་དེ་བཞིན་ནོ།། སློབ་མ་དང་སྤྱི་ཚོགས་པ་ཡང་དེ་བཞིན་ནོ།། ཕོ་དང་མོ་ཡང་དེ་བཞིན་ནོ།། ང་དང་ཁྱོད་ཀྱང་དེ་བཞིན་ནོ།

    ཟུར་གྱི་མི་དག་ལའང་དེ་ལྟར་ཏེ། ཤིན་ཏུ་ཡུན་རིང་ལ་འདྲེས་ཤིང་གཤིབས་པའི་དེ་དག་གི་བདེ་སྡུག་དང་ཤི་གསོན་ལ་ཁ་ཡ་དང་དོ་སྣང་གང་ཡང་མི་བྱེད་པ་འདྲ་བོ་དང་།  ཐ་ན།  དེ་ག་ཤེད་ལ་བུད་སོང་ན་ང་ཅི་འདྲས་མི་དགའ། གན་ནམ་ཞིག་ལ་ཤི་སོང་ན་ང་ཅི་འདྲས་མི་སྐྱིད་སྙམ་པ་ཡང་ཡོད་སྲིད་མོད། ཉིན་ཞིག་གློ་བུར་དུ་མི་དེ་ག་ཤེད་ལ་འགྲོ་ཆས་བྱེད་པའམ། བུད་སོང་པའམ། རླངས་འཁོར་གྱིས་བསད་བཞག་པ།  རྒས་ནས་ཤི་བ་སོགས་བྱུང་ཚེ། ད་གདོད་ཧ་བོ་ཞེས་བློས་མ་ཐོངས་པའི་ཤུ་སྒྲ་རེ་འཆོར་སྲིད་ལ། མ་ཉན་ཞེས་འགྱོད་གདུང་གི་མགོ་གཡུག་རེ་ཡང་བྱ་སྲིད།

    ཐམས་ཅད་ལས་ཀྱིས་འཛོམས་ཤིང་ལས་ཀྱིས་བྲལ་བ་ཡིན་ལ། ལས་མེད་ན་འདུ་བྲལ་ཡོང་རྒྱུ་ཡང་དཀའ་མོ་དཀོན་མོ་ཡིན་པ་རེད། འོ་ན།  དགའ་སྐྱོ་ཆགས་སྡང་དང་ཡོངས་སུ་བྲལ་ཏེ་མི་ལའི་བྲག་ཕུག་ཏུ་འཛུལ་ཞེས་ལབ་པ་མིན་ཏེ།དེ་ཡང་དགུན་ལ་དགུན་གྱི་ཁ་མིག་གི་གཡེར་བག་དང་དབྱར་ལ་དབྱར་གྱི་འཛུམ་མདངས་ཀྱི་མཛེས་པ་ཡོད་པ་བཞིན།སོ་སོའི་འཚོ་བའི་ཁྲོད་དུ། ད་ལྟའི་འཚོ་བ་གསོན་པོའི་རིན་ཐང་ལ་རིན་ཐང་དུ་རྟོགས་ཤིང་། ཡོན་ཏན་ལ་ཡོན་ཏན་དུ་བརྩིས་ཏེ་དེ་ལ་འོ་འཁྱུད་རེ་དང་གཅེས་སྤྲས་རེ་བྱ་གལ་ཆེ་རྒྱུ་རེད།  ཟུར་གྱི་མི་དག་ལའང་གུ་ཡངས་དང་བཟོད་སྒོམ་ཅི་ནུས་རེ་ཐུབ་ན་མ་མཐའ་ཡང་ཁྱོད་རང་ལ་རྗེས་སུ་གནོང་འགྱོད་མེད་པ་ཞིག་མི་ཡོང་ངམ། རོགས་པ་ཚོ།

    མ་གཞིར་འཁོར་བའི་ཁྲོད་ཀྱི་བདེ་སྐྱིད་ཆུང་ཆུང་ཞེས་པ་ནི་ཁ་སང་གི་ཕྱིར་དྲན་གྱི་རྩྭ་ཐང་སྟེང་དང་།  སང་ཉིན་གྱི་རྨི་ལམ་གྱི་མགུར་དབྱངས་ཁྲོད་ན་མཐེ་བོང་ཙམ་རེ་དང་སེན་སྐྱག་ཙམ་རེ་ལས་མེད་པར་སྣང་ཡང་།  བསམ་བློ་གཏོང་ཤེས་ན། མྱོང་རོལ་བྱ་ཤེས་ན། ད་ལྟའི་མཁའ་དབུགས་ལ་འབྱིན་རྔུབ་ཐུང་ཐུང་ཞིག་བྱ་རྒྱུའི་ནང་ནའང་། སྨུག་པ་ལྟ་བུའི། ན་བུན་ལྟ་བུའི། སྨིག་རྒྱུ་ལྟ་བུའི་བདེ་བ་རེ་ཏན་ཏན་ཡོད་འདུག


  • ལེ་ཚན་སྔོན་མ།:རང་ཉིད་བོར་བའི་མི་ལོ་འདི་དག
  • ལེ་ཚན་རྗེས་མ།:སེམས་ཀྱི་ལྷ་མོ།