ཁོ་ཧྥེ་ལས་མཁན་གྱི་བུ་མོ།

ཨ་ཀྲད།        2019-08-23

    ༢༠༡༨.༣.༤ཉིན་གྱི་མཚན་མོ་ཞིག་ལ། ཕ་ཡུལ་གྱི་ཆུ་བོའི་འགྲམ་དང་ལམ་གྱི་གཡས་གཡོན་ཀུན་བརྒལ་ནས་རྐང་གྲུག་ར་བ་ཞིག་གི་ལོག་ཏུ་རང་ཉིད་ཙོག་ཏུ་སོང་། ངའང་ཤིན་ཏུ་ཁེར་རྐྱང་ཞིག་དང་ནམ་མཁའི་ཁམས་དང་ཆུ་བོའི་ངོས།  ལམ་གྱི་གཡས་གཡོན་ཐམས་ཅད་ལ་རང་ཉིད་ལས་གཞན་སུ་ཡང་མེད་པའི་ངོ་བོར་གྱུར།  སྔོན་ཏག་ཏག་ཁྱིམ་ནས་ཡོང་ཁར་རྒྱུན་ལྡན་གྱི་གོམ་ལོབས་ལྟར་དཔེ་ཁུག་ཆུང་ཆུང་ཕྱི་རུ་ལྭ་དཀར་རུ་དཔུང་གི་ཁ་རྟགས་ཅན་པོ་དེའི་ནང་དུ་འཛམ་གླིང་བུམ་པའི་རྐང་དྲུག་འགྲན་བསྡུར་གྱི་ལྒང་ལི་ཞིག་ཡོད་པ་དེ་གཞི་ནས་དྲན།

    ངས་མཚན་མོ་དེར། ཕ་ཡུལ་གྱི་མི་ཆ་ཚང་ཉལ་བའམ་ཡང་ན་དུད་ཁྱིམ་ལ་ལ་ཁྱིམ་ཁུག་ཏུ་མེ་སྐོར་བྱས་ཏེ་གཏམ་དཔེ་བཤད་པ་དང་། ལ་ལས་དགོང་འདོན་གྱི་ཚབ་ཏུ་བདེ་སྨོན་དང་། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔལ་མོ།། སྤྱན་ནི་སྐད་ཅིག་གློག་དང་དང་འདྲ་མ།། ཞེས་པའི་དབྱངས་རྟ་ཡོད་ལ་དབྱངས་རྟ་མེད་པའི་ཆོས་འདོན་ཀྱང་བྱེད་བཞིན་ཡོད་མོད་རང་ཉིད་གཅིག་པུ་དེ་རུ་སོང་ཏེ་ལྒང་ལི་ཡིད་མ་ཚིམས་བར་དུ་རྩེས་ཤིང་ཁྱོད་རང་ཡང་ཡང་དྲན་ཡོང་ཏེ།

སྔ་དུས་ཀྱི་དུས་ལྟར་ཡིན་ན་མཚན་མོའི་རྐང་གྲུག་ར་བ་དེ་རུ་ང་གཉིས་ལྷན་དུ་སོང་ནས་ལྒང་ལི་རྩེ་ཚེ། ངས་ཐང་དཀྱིལ་ནས་དབུགས་ཧལ་ཧལ་དུ་རྔུལ་ཆུ་དག་བྲང་གཞུང་ནས་བཞུར་བཞིན་ཡོད་དུས་ཁྱོད་ཀྱིས་གཏེར་ཆུ་སོ་མ་རེ་ཁ་ཕྱེས་ཏེ་ང་ལ་སྟེར་བ་དང་གཡས་གཡོན་གྱི་འདུག་སྟེགས་སུ་བསྡད་དེ་ང་རང་ཆེས་མཉན་པར་དགའ་བའི་གཡང་ཕྱུག་མཚོའི་གླུ་གཞས། ཧི་མ་ལ་ཡི་སྲས་མོ།། མཁའ་མཐའི་སྤྲིན་པ་དམར་པོ།།ཞེས་པ་དེ་ཡུན་དུ་མངགས་ཡོང་པ་དེ་དྲན་ཡོང་།

    ཡིན་ན་ཡང་མཚན་མོ་འདི་དག་ལ། ང་ཡིས་ཁྱོད་རང་རྒྱང་རིང་ཡིན་ལ་རྒྱང་རིང་མིན་པའི་བོད་ཡུལ་འདི་ནས་དྲན་པ་ལས་དངོས་སུ་མཇལ་བའི་གོ་སྐབས་མ་བྱུང་།  སྤྱིར་བཏང་དུ་བཤད་ན་རྐང་གྲུག་ནི་ང་རང་ཆེས་དགའ་ཤོས་ཀྱི་རྩེད་མོ་དེ་ཡིན།   སྔ་ཚེ་ཁྱོད་རང་རྐང་གྲུག་ལ་གཏན་ནས་མི་དགའ་བས་ངས་རྒྱུན་པར་རྐང་གྲུག་རྒྱག་པར་ལ་ནས་མི་འདོད་མོད། བར་སྐབས་ཤིག་ལ་ཁྱོད་རང་ཀྱང་རྐང་གྲུག་གི་འགྲན་བསྡུར་ལྟ་བར་དགའ་མགོ་རྩོམ་པས་ང་ལའང་བདེ་སྐྱིད་ལྷག་མ་ཞིག་ཏན་ཏན་དུ་སྐྲུན་སོང་སོང་བ་དེ་དྲན་ཡོང་།

    ཉི་མ་དེ་དག་ནས་མགོ་བཟུང་སྟེ་ང་ཡི་ཉལ་ཁང་གི་ཡར་ཤོག་ཏུ་དཔེ་སྒམ་ཆུང་ཆུང་ཞིག་ཡོད་པ་དེར་ཁྱོད་རང་ཀློག་པར་སྤྲོ་བའི་རྒྱ་ཡིག་གི་སྒྲུང་གཏམ་དང་བྱིས་སྒྲུང་འདྲ་མིན་དང་ལྷག་ཏུ་རོལ་དབྱངས་ཀྱི་བསྟན་བཅོས་ཀྱི་དཔེ་ཆ་འགའ་ཤས་བཀོད་ཡོད་ལ། ང་རང་དགའ་བའི་སྙན་ངག་པ་བླ་མ་སེང་རྡོར་གྱི་དཔེ་ཕྲེང་ཆ་ཚང་བཅས་བཀོད་ཡོད། དེའི་སྔོན་དུ་ཁྱོད་རང་གི་ལག་རྩལ་ཕུལ་དུ་བྱུང་བའི་ང་ཡི་སྐྱོ་བ་སེལ་བའི་ཁོ་ཧྥེ་བཟོ་སའི་གློག་རྡུལ་ཆུང་ཆུང་ཞིག་དང་དེའི་ལྷན་དུ་ཁོ་ཧྥེ་འདྲ་མིན་མང་པོ་ཞིག་སྤུངས་ཡོད་པ་དེ་དྲན་ཡོང་།

    རེད། ཁྱོད་རང་ཁོ་ཧྥེ་ལས་བར་ཧ་ཅང་མཁས་པ་ཞིག་ཡིན་ཕྱིར་དེའི་ཐད་ནས་ངས་ནམ་ཁྱོད་ལ་ཁས་ལེན་དགོས། ལྷག་པར་དུ་ཁྱོད་ཀྱིས་ལས་བའི་ཁོ་ཧྥེ་དག་ཧ་ཅང་ཞིམ་པས་ངས་དགོང་མོ་དཔེ་ཁྲིད་གྲོལ་རྗེས་ཁྱོད་ཀྱི་ཕྱག་ནས་འཇུས་ཏེ་ངོ་དགའ་ཡང་ཡང་བཤད་མྱོང་།ཡིན་ན་ཡང་ང་རང་སེམས་ཁམས་མི་དྭངས་བའི་དུས་སུ་ཁྱོད་ཀྱིས་ཁོ་ཧྥེ་དེ་དག་རིན་མེད་དུ་བཀོལ་ཅིང་ང་གཉིས་ཀྱི་ཉལ་ཤག་ཏུ་ཡོང་ནས་ང་ལ་ཡང་ཡང་ལྡུད་པ་དེ་དྲན་ཡོང་།

    འུ་གཉིས་ཀྱི་ཉལ་ཤག་གི་ནང་དུ་དཔེ་ཁྲི་དང་ཁོ་ཧྥེ་བཀོལ་སའི་སྟེགས་བུ་དེ་ལས་གཞན་ཁང་པའི་གཡས་གཡོན་ཐམས་ཅད་ལ་རྐང་གྲུག་གི་ལྭ་བ་འདྲ་མིན་དང་ང་ཡི་ཉལ་ཁྲི་ཡི་ཐོག་འོག་ཏུ་ལྭ་དཀར་རུ་དཔུང་གི་ཁ་རྟགས་ཅན་པོའི་ཉལ་ཁེབས་ཀྱི་ཤོབ་ཀྱིས་རྒྱན་ཡོད་ལ་ཁྱོད་ཀྱི་དག་ནི་སྤ་སེ་ལོ་ནའི་ཁ་དོག་གིས་རྒྱན་ཡོད། གྱང་ངོས་དང་ནམ་མཁའི་ཤེལ་ཏོག་གི་ཁྲོད་དུ་རྐང་གྲུག་གི་ཁ་དོག་འདྲ་མིན་དང་རྒྱལ་ཁབ་ཀྱི་ཁ་རྟགས་ཏག་ཏག་གིས་གང་ཡོད་པ་དེ་དྲན་ཡོང་།

    བར་སྐབས་ལ་ལར་ང་གཉིས་མཚན་མོ་གཏན་ནས་མི་ཉལ་ནས་ཆུ་ཚོད་གཉིས་པའི་བར་དུ་བསྡད་དེ་ཁྱོད་ཀྱི་སྤར་སེ་ལོ་ན་དང་ང་ཡི་ལྭ་དཀར་རུ་དཔུང་གཉིས་ཀྱི་འགྲན་བསྡུར་ལ་བལྟ་ཞིང་འུ་གཉིས་ཀྱི་བར་དུ་རྒྱན་འཇོག་བྱེད་ཅིང་ལན་རེར་ང་རང་ཕམ་ནས་ཁྱོད་ཀྱི་རྐང་པ་ཁོ་ནའང་ཐེངས་མང་དུ་བཀྲུ་བ་ཡིན་མོད། ང་ཁྱོད་ཀྱི་རྐང་པ་བཀྲུ་ཞིང་རྐང་ཆུ་འཕོ་བར་གཏན་ནས་དཀའ་ལས་མེད་པའང་ཁྱོད་རང་ཤིན་ཏུ་དགའ་ཆེ་བས་ལོས་ཡིན་སྙམ།

    ཡིན་ན་ཡང་འུ་གཉིས་གཏན་དུ་སྡོད་པའི་ཉི་མ་ནི་ཧ་ཅང་ཐུང་ཏེ་ཁྱོད་རང་སློབ་གྲྭ་འགྲོ་མགོ་བརྩམས་དུས།  ངས་ཨ་ཕས་གནང་བའི་ཡ་ཆེན་གྱི་ཕྲེང་བ་དམར་པོ་བྱིན་རླབས་ཅན་པོ་དེ་ཁྱོད་ཀྱི་སྐེ་རུ་བཏགས་ཤིང་མགོ་ལ་བྱིལ་བྱིལ་བྱེད་བཞིན་སེམས་སུ་འབྲལ་བར་མི་འདོད་པའི་སྐྱོ་བ་ཞིག་ཡོད་ནའང་འཛུམ་མདངས་ཀྱིས་ཁེངས་བའི་ཚུལ་དུ་སྐྱེལ་མ་ཡང་ཡང་བྱས་པ་དེ་དྲན་ཡོང་།

ནུབ་མོ་དེར་ང་རང་གཅིག་པུ་ཕ་ཡུལ་གྱི་རི་གྲོང་གི་མཐའ་རུ་སོང་ཏེ་ཨ་རག་འཐུང་བཞིན་བསྡད།  མཚན་མོ་ཡིན་སྟབས་ནམ་མཁའི་ཟླ་བ་ནི་མཐའ་ཡས་པའི་རྩྭ་ཐང་ཞིག་གི་སྟེང་དུ་འོད་ཀྱིས་སྐོར་བའི་གུར་ཁྱིམ་དཀར་པོ་ཞིག་ཕུག་པ་དང་མཚུངས།  ངའི་ཁེར་རྐྱང་གི་སྣང་བ་སྟུག་པོ་དེ་དག་འཛུམ་ཆུང་གིས་གཡབ་མོ་བཏང་བའི་ཉི་མ་ཞིག་དང་འདྲ་བར་ལུས།

ཁྱོད་ལ་བརྗོད་འདོད་ཀྱང་ཡུན་ནས་ཡུན་དུ་ལོ་ཟླར་ལྷག་པའི་སྙིང་གི་སྦུབས་སུ་ཉར་བའི་སྐད་ཆ་དག་འཕྲིན་པར་བསྡུས་ནས་མཚན་མོ་དེར། སྐད་ཆ་དེ་དག་ཤོག་དཀར་གྱི་ནགས་སུ་བཏང་ནས་འཆར་ཡན་གྱིས་བརྫིས་པའི་དྲན་པ་སྣ་ཚོགས་པ་ཞིག་དང་ཁེར་གཞས་དང་ཨ་རག་ལ་སིམ་པའི་ངུ་ངག་གང་མང་ཞིག་ཀྱང་རླུང་བུ་དང་འགྲོགས་ནས་ཁྱོད་ཕྱོགས་སུ་རྒྱུའོ།།



  • ལེ་ཚན་སྔོན་མ།:ལམ།
  • ལེ་ཚན་རྗེས་མ།:རང་ཉིད་བོར་བའི་མི་ལོ་འདི་དག