གོམ་ཁ་རྩྭ་ཐང་ལ་ཕྱོགས་དུས།

གཙོད།        2019-07-19


སྨུག་པ་དལ་གྱིས་འཕྱུར་ནས་ནམ་མཁའ་དང་ནམ་མཁའི་བར་མཚམས་སུ་སྤྲིན་པ་སིལ་བུར་ཐོར་དུས།

ང་རང་གཅིག་པུར་རྩྭ་ཐང་ལ་འགྲེལ་ལོག་རྒྱག་འདོད། ཆར་གྱི་ཟིལ་བ་ཆགས་པའི་རྩྭ་ལྗང་དང་མེ་ཏོག་སོགས་ངས་ཁ་རླངས་ཡངས་མོ་ཞིག་གིས་རེག་སྟེ། ས་གཞི་ལ་བརླན་གྱིས་འབྱར་བའི་ཕྱེ་ལེབ་དེ་དག་སླར་ཡང་གཙང་ཁྲུས་ཐེངས་ཤིག་བྱ་དགོས། ང་རང་རྩྭ་ཐང་གི་ཕྱོགས་སུ་གོམ་ཁ་ཉུལ་དུས་ནས་མེ་ཏོག་གི་མཛེས་པར་སེམས་མ་མྱོང་ལ། བསིལ་རླུང་གིས་ཁྱེར་ཡོང་བའི་སྤྲོ་སྣང་ལའང་དྲན་མ་མྱོང་། ཉམ་ཆུང་གི་ངང་ནས་བག་ཡངས་ཀྱི་ཚུལ་དུ་ང་རང་དེ་རུ་གཏན་སྡོད་བྱ་ཆོག་པར་གཅིག་པུར་དེ་ཡིན།


མགོ་བོ་རྩྭ་ཐང་ལ་བསྙལ་ནས་ལག་པ་རྒྱང་རིང་དུ་ཕྱོགས་དུས་ངས་དྲོད་འཇམ་གྱི་ཉི་འོད་མཐོང་འོང་།

ཉི་མའི་ངོས་སུ་ངས་ཡུན་རིང་ལ་ཐུག་སྐལ་མེད་པའི་རྩྭ་ཐང་གི་བུ་མོ་དེའི་མིང་ཡིག་བྲིས་ནས། ཁྱོད་ཀྱི་ཐུགས་ཁྲལ་དང་སེམས་ཚེགས་དག་སྤྲིན་པའི་འདབ་ཁ་རུ་ཐོར་ཏེ་བདེ་སྐྱིད་ཀྱི་ནམ་མཁའ་རུ་གླུ་དབྱངས་ལེན་དགོས་ཞེས་གསོལ་བ་བཏབ།

མེ་ཏོག་གི་ཨ་ལོང་ཆ་གཅིག་བཏུས་ཏེ་མ་འོངས་པའི་མཚོན་བྱེད་ཅིག་རུམ་ལ་བཅུག་ནས་མིག་ཆུ་བཞུར།

ཉི་མས་དགོད་ཁ་གནང་མི་དགོས་ཟླ་བའི་བསིལ་བསིལ་གནང་མི་དགོས། ངས་བརྩེ་བ་དང་འཁྲེང་སེམས་མཐའ་དག་རྩྭ་ཐང་ཁོ་ནར་བཅོལ་ཡོད་པས་ང་རྩྭ་ཐང་ལ་གཏན་སྡོད་བྱ་ངེས།


ངང་སྒུག་རིང་བོ་ཞིག་གིས་ཁྲུས་ལ་བཤམས་རྗེས་ས་སྲོད་ཀྱི་སྤང་ཁ་རུ་གནས་སྤོར་ཏེ་སང་ཞོགས་ཀྱི་ཉི་ཟེར་ལ་འཚམས་འདྲི་བྱེད་དུས། ཀྲོང་ངེར་འགྲེང་བའི་རྒྱབ་གཟུགས་ཐེད་པོ་ཞིག་རྒྱང་ནས་ཆས་སོང་བ་དེ་དྲན། སླར་ཕྱིར་ལོག་ཡོང་བ་ཡང་དྲན། གོམ་ཁའི་རྡོག་སྒྲ་ཡིས་ས་སྲོད་ཀྱི་མཚམས་སྤྲིན་ཐད་ཀྱིས་གཅོད་དུས། དཔྲལ་བར་ལག་པས་བསྐར་ནས་སྨག་མུན་གྱི་རི་གྲོང་ལ་དྲན་གདུང་གི་ནམ་མཁའ་གཏམས། ངས་ཡུན་རིང་ལ་བློས་བསླངས་བྱས་པའི་རྩྭ་ཐང་གི་སྙན་ངག་སུ་ཞིག་དྲན་པའི་ཟོལ་གྱིས་ཤོག་བུའི་ངོགས་སུ་གཏུམ་ནས། རླུང་བུ་མ་གཏང་སྔུན་དུ་ཟླ་བའི་ཁ་གཏད་དུ་གཡུག ངོ་མ་བྱས་ན་དེ་ནི་ཅི་འདྲའི་གོ་རིམ་དང་ལྡན་པ་ཞིག་མ་ཡིན་ནམ།

  • ལེ་ཚན་སྔོན་མ།:ཕ་ཡུལ་རྫ་ཆུ་ཁ།
  • ལེ་ཚན་རྗེས་མ།:བདག་གི་ཕ་ཡུལ།