བདག་གི་ཕ་ཡུལ།

        2019-07-24

   བདག་གི་ཕ་ཡུལ་ནི་གནས་མཆོག་བཞག་བྲ་ལྷ་རྩེ་ཞེས་གྲགས་པའི་གངས་རི་མཐོན་པའི་དེའི་ཉེ་འདབས་སུ་ཆགས་པའི་གོ་རོ་མ་ཞེས་པའི་འབྲོག་སྡེ་ཞིག་ཡོད་པ་དེ་ཡིན། སྡེ་བ་འདིའི་ས་ཆར་རང་བྱུང་གི་ཁོར་ཡུག་ཉམས་དགའ་ལ་རང་བྱུང་གི་ཐོན་རྫས་ཕུན་སུམ་ཚོགས་ པོ་ཡོད་པའི་ཡུལ་ཁམས་ཤིག་ཡིན། མཛེས་སྡུག་ལྡན་པའི་རང་བྱུང་གི་ཡུལ་ལྗོངས་ཀྱི་པང་དུ་བྱམས་དང་སྙིང་རྗེ་ཅན་གྱི་ཕ་ཡུལ་གྱི་འབྲོག་མི་ཚོ་ཕན་ཚུན་མཐུན་སྒྲིལ་གྱི་ངང་ནས་འཚོ་སྡོད་བྱས་ཡོད།

   ཡུལ་འདི་གའི་མུ་མཐའ་མེད་པའི་སྔོ་ལྗང་གི་རྩྭ་ཐང་ཐོག་ཏུ་མེ་ཏོག་སྣ་བརྒྱ་སྡུག་གུར་བཞད་ཡོད་ལ། དྭངས་ཤིང་གཙང་བའི་ཆུ་བོའི་བཞུར་སྒྲས་ལྷང་འཇགས་ཀྱི་རྩྭ་ཐང་ལ་གསོན་ཤུགས་བསྐྲུན། རྟ་ནོར་ལུག་སོགས་སྒོ་ཕྱུགས་དག་རང་བྱུང་གི་རྩྭ་ཐང་སྟེང་དུ་འཚེ་མེད་བདེ་བའི་ངང་ནས་རྩྭ་ཆུར་རོལ་བཞིན་ཅི་དགའ་བག་ཡངས་སུ་རྒྱུ་བཞིན་ཡོད། ཡུལ་སྡེ་འདིིའི་འབྲོག་དམངས་ཚོས་སྒོ་ཟོག་བཤས་རར་མི་འཕེན་པར་མ་ཟད་རང་རང་གི་སྒོ་བཤས་ཀྱང་མི་བཤའ་བར་ལས་འབྲས་ལ་ཡིད་ཆེས་ཀྱིས་དགེ་སྡིག་སྤངས་བླང་དང་ཚེ་སྲོག་འདྲ་མཉམ་གྱི་འདུ་ཤེས་ལྡན་པའི་ཡ་རབས་སྤྱོད་བཟང་གི་འབྲོག་སྡེ་ཞིག་ཡིན།

   རྒན་རབས་ཚོས་བཤད་པ་ལྟར་ན། གནས་མཆོག་བཞག་བྲ་ལྷ་རྩེ་ནི་ང་ཚོའི་ཡུལ་ཁམས་སྤྱིའི་གཞི་བདག་ཡིན་པར་མ་ཟད། ཨ་མྱེ་རྨ་ཆེན་ཞེས་སྐད་གྲགས་ཆེ་བའི་གནས་རི་ཞིག་ཡོད་པ་དེའི་སྲས་ཤིག་ཡིན་པའི་སྒྲུང་གཏམ་ཡང་བཤད་རྒྱུ་འདུག ང་ཚོ་སྡེ་བས་བཞག་བྲ་ལྷ་རྩེ་སྲུང་མ་ཞིག་ལ་ངོས་བཟུང་ནས་ལོ་རེ་རེ་བཞིན་དབྱར་ཟླ་ལྔ་པར་མཆོད་བསྟོད་བྱེད་པའི་སྲོལ་ཞིག་ཆགས་ཡོད། བཞག་བྲ་ལྷ་རྩེའི་རྩེ་མོར་དུས་བཞིར་ཁ་བས་གཡོགས་ཤིང་། རི་སྐེད་དུ་རྫ་ཡིས་བསྐོར་ཡོད། རི་འདབས་ལ་ཤིང་རིགས་སྣ་བརྒྱའི་ནགས་ཚལ་ཚང་ཚིང་དུ་འཁྲིགས་ཡོད་པར་མ་ཟད། རང་བྱུང་གི་ཆུ་ཚན་མང་པོ་འཁྱིལ་ཡོད། རང་བྱུང་གི་ཆུ་ཚན་དེ་དག་གིས་ནད་རིགས་སྣ་ཚོགས་སེལ་བར་ཕན་ཞེས་བཤད་སྲོལ་ཡོད་པས་མ་ཚད། ས་ཆ་ཐག་རིང་ཐུང་ཀུན་ནས་རང་བྱུང་གི་ཆུ་ཚན་འདི་དག་ཏུ་ཞག་འདུག་བྱས་ནས་ཚ་ཉལ་ལ་འགྲོ་མཁན་ཧ་ཅང་མང་པོ་ཡོད་པ་ཡིན། ཚ་ཉལ་བྱས་པ་ནས་ལུས་ཀྱི་ནད་རིགས་གང་མང་སེལ་སོང་རབས་ཀྱི་གཏམ་རྒྱུད་ངོ་མཚར་བ་མང་པོ་བཤད་རྒྱུ་ཡོད།

   ཕ་ཡུལ་གྱི་ཡུལ་མི་དག་གི་འབྲོག་ལས་ཀྱི་ལས་ཀར་ཕུད་ད་དུང་དབྱར་ཚེས་པ་དང་དབྱར་རྩྭ་དགུན་འབུ་རྐོ་རུ་སོང་ནས་སོ་སོའི་ཁྱིམ་གྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བཞིན་ཡོད། དབྱར་རྩྭ་དགུན་འབུ་ནི་དེང་སྐབས་སྐད་གྲགས་ཧ་ཅང་ཆེ་ལ་ངེད་ཕ་ཡུལ་གྱི་རི་སྒང་དུ་སྐྱེས་པའི་དབྱར་རྩྭ་དགུན་འབུ་སྐྱེས་པ་ཧ་ཅང་བཟང་ལ་རིན་གོང་ཧ་ཅང་མཐོན་པོ་ལོན་པ་རེད། དབྱར་རྩྭ་དགུན་རྐོས་པའི་ཡོང་སྒོ་བཟང་ཚེ་འབྲོག་དམངས་ཚོའི་གདོང་ལ་འཛུམ་མདངས་རེ་རྒྱས་སྲིད།

   ད་དུང་བདག་གི་ཕ་ཡུལ་ལ་ཞོ་དང་འོ་མ། མར་དང་ཆུར་བ་སོགས་ལྷད་མེད་ཀྱི་ཟས་རིགས་མང་པོ་ཡོད་ལ། ངའི་ཕ་ཡུལ་ནི་མི་ཡུལ་གྱི་དག་ཞིང་དངོས་ཤིག་ཡིན་ཟེར་ན་མི་ཆོག་རྒྱུ་མེད་ལ། ཡུལ་མི་དག་གིས་ལས་འབྲས་ལ་ཡིད་ཆེས་ཁས་ལེན་བྱས་ནས། ཕན་ཚུན་མཐུན་སྒྲིལ་གྱི་ངང་ནས་གནས་ཤིང་ཡུལ་སྡེ་འདིའི་བདག་པོར་གྱུར་ཡོད།

ཕྱོགས་སོ་སོའི་ཡུལ་སྐོར་གྱི་མགྲོན་པོ་དག ངའི་ཕ་ཡུལ་ལ་ཕེབས་དང་། ངས་ཕ་ཡུལ་གྱི་ལྷད་མེད་པའི་ཟས་མཆོག་ཞོ་དང་འོ་མས་ཁྱེད་ཅག་ལ་སྣེ་ལེན་བྱ་སྲིད་ལ། མེ་ཏོག་དཀར་དམར་ཁྲ་ལམ་མེར་བཞད་པའི་ཉམས་དགའ་བའི་རང་བྱུང་གི་ཡུལ་ལྗོངས་སྟེང་ནས་ཁྱེད་ཅག་སོས་དལ་བག་ཕེབས་ངང་ཅི་དགར་བསྐྱོད་ཆོག་པ་ཡིན།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་བཞི་གཉིས་འཛིན་གྲྭ། དབྱངས་ཅན་ལྷ་མོ་ཆུང་བ།

  • ལེ་ཚན་སྔོན་མ།:གོམ་ཁ་རྩྭ་ཐང་ལ་ཕྱོགས་དུས།
  • ལེ་ཚན་རྗེས་མ།:ཕ་ཡུལ།