ཕ་ཡུལ།

གསེར་དུང་སྙུག        2019-08-09

    སྤྲིན་པ་དང་ཉི་འོད་ཀྱིས་འཕགས་འཚགས་རྒྱག་པའི་ནམ་མཁའ་སྔོན་པོ། ཁྱེད་ཀྱི་ཁོག་ཡངས་དང་བློ་རྒྱ། ངས་ཅི་རྒྱུ་མཚན་ཅིའི་ཕྱིར་དུ། དེ་སྔོན་མ་རྟོགས་པ་རེད། ཡང་ན་ཁྱེད་ཀྱིས་མཐའ་མེད་ཀྱི་རི་ཐང་ལུང་གསུམ་ལ་གནང་བའི་བྱམས་བརྩེ་ཡི་གོས་བཟང་སྔོན་པོ། ཉི་ཟེར་དང་མེ་ལྕེ་ཡིས་མ་ཚིགས་ལ། རླུང་ནག་དང་རྡུལ་དམར་གྱིས་མ་བསླད་པར་འཛུམས་མདངས་ཀྱི་ཟླ་ཟེར་འཕྲོས་པ། ཇི་འདྲའི་དྭངས་ཤིང་གཙང་། ཤག་ཤག་ཏུ་བཞུར་བའི་གཡས་ཟུར་གྱི་འབབ་ཆུ་དཀར་བོ། ང་རྒྱལ་གྱིས་འཕྱོ་བའི་རྦ་རླབས་ཀྱི་དཔའ་སྤོབས་མེད་ན་ཡང། ཆུ་ཐིགས་ཀྱི་ཟེགས་མ་དཀར་བོས་ཉེ་འགྲམ་གྱི་མེ་ཏོག་དང་རྩི་ཤིང་ལ་གསོན་ཤུགས་བསྐྲད། སུ་ཞིག་གིས་དཔེ་ཁྲིད་དང་མཛུབ་སྟོན་མ་གནང་བར་རང་བྱུང་གིས་བྲིས་པའི་ཀ་ཁ་ཆེན་པོ། ཕ་ཡུལ་ལགས། ཁྱེད་ནི་བདག་གི་སྤྱི་གཙུག་ན་གྱེན་དུ་འགྲེང་བའི་སྐྲ་ཡི་ཉག་མ་སྦོམ་པོ་ཞིག

    ད་ནངས་ཞོགས་པ་ཞིག་གི་མཚམས་སྤྲིན་ཀློང་ནས། ཤེས་རིག་གི་བྱ་ཁུ་དཀར་བོ། བདག་གི་ཁང་མིག་དམར་བོའི་སྒེའུ་ཁུང་དུ་བབས་ནས། མཐོ་སྒང་ནས་རྣམ་ཤེས་བོར་བའི་བཙན་པོ་དག་གི་བང་སོ་འཚོལ་མཁན་ཡིན་ཟེར། ལོ་ངོ་བརྒྱ་ཕྲག་གི་གོང་རོལ་ནས་ཡར་ལུང་དང་གངས་འདབས་ནས་ལམ་ལ་ཆས་པའི་རྒྱང་བསྐྱོད་ཀྱི་དམག་མི་ཚོམས་ཤིག་ཡིན་ཟེར། ཁོ་ཚོའི་རྒྱབ་དུ་འཇམ་ལ་དཀར་བའི་ཤོག་བུ་འབོར་ཆེན་ཞིག་ཁུར་ཞིང་། སྣག་བུམ་དང་སྨྱུག་གུ་འགའ་ཞིག་འཕྲེག་པའི་གཟར་ཁུག་དུ་བཅུག་ནས། པར་ཆས་ཆེན་པོ་ཞིག་ལ་ལག་ལས་བྱེད་བཞིན། དེ་རིང་ནི་དུས་རབས་སྔོན་མ་དག་གི་དགོན་ཤུལ་དུ་འགྲོ་རྒྱུ་ཡིན་ཟེར། རྨི་ལམ་གྱི་གཤོག་པ་མཉེན་མོ་ས་མཚམས་ཤིག་ནས་སྤྲིན་རིམ་ལ་ཞུགས་དུས། ང་ནི་དབུགས་སྒང་ཅིག་གི་བཏག་ཐགས་ཆད་པའི་ཁ་ཕྱོགས་ཤིག་སྟེ། ཐོགས་རེག་དང་བྲལ་བའི་སྟོང་ཁམས་སུ་རླུང་གིས་ཁུར། ལོ་རྒྱུས་དང་ས་དཔྱད་ཀྱི་གླེགས་བམ་ཞིག་དགོས་པ་གཞི་ནས་རྟོགས།

    དགུན་ཁ་ལྷབ་ལྷུབ་དུ་བསྐྱོད་པའི་ཁ་བ་དཀར་བོ། ས་སྒང་རིང་མོ་ནས་རྒྱང་རིང་ལ་མཛེས་སྡུག་འགྱེད་ཅིང་། གནམ་ས་སྦྲེལ་མཚམས་ནས་ཕ་ཡུལ་གྱི་ལུང་ཁོག་སྐྱ་བོ་ངུ་ཞིང་གདའ། རྫ་ལམ་དོག་ས་ནས་འབྲོང་མོས་ངུར་སྒྲ་གཏོང་བཞིན། རྨིག་རྗེས་ཧྲིག་ཧྲིག་གི་ལམ་འཕྲང་བཅད་དེ། གནའ་ནས་ད་ལྟའི་བར་རྫ་རྒྱལ་སྨུབ་པོ་འདིའི་སྙིང་ནོར་ནི། རྨུག་བཞི་སྤང་ལ་ཐོག་ཅིང་། རྭ་ཁ་རྫ་ལ་བརྡར་བའི་འབྲོག་གཡག་དག་གི་ཤི་གསོན་ཡིན་ཟེར། ཕ་ཡུལ་ནས་གངས་ཆག་ལ་ཤོར་བའི་འབྲོང་བྲེ་སར། ཉི་ཟླའི་འཆར་ནུབ་དང་དུས་བཞིའི་འགྱུར་ཁུག་ཀློང་ན། གཙང་བོའི་རེ་ཐག་སྐམ་ནས་སྡོང་བོའི་ཁ་དོག་འགྱུར་ལ་ཉེ།

    མཛེས་སྡུག་གི་ལྷ་མོ་ཕ་ཡུལ་གྱི་སྦྲ་ནག་ལགས། ས་སྲོད་ཀྱི་རླུང་ཁ་ན་ཤུག་ཤུག་ཏུ་འགུལ་བའི་དྲོད་ལྡན་གྱི་གཞས་ཁྱིམ་ཆེན་མོ། ནོར་ལུག་གིས་ལྷས་མཐའ་མནན་ཞིང་། དུ་སྤྲིན་གྱི་ཞགས་པ་འཁྱར་འཁྱོར། ཡ་ཀའི་རི་བོའི་བྲང་ལྟེམ་དུ་ལྷོད་ཀྱིས་ཆགས། སྐྲ་ལོའི་ལན་བུ་མགུལ་བར་འཁྱིལ་བའི་ནོར་ལྷའི་བདག་མོ། ཁྱེད་ཀྱིས་རི་སྒང་ནས་མིག་གི་འཚོས་བའི་རྟ་པ་དཀར་བོ། ཟབ་གཏང་ཆུ་བོའི་རབ་ཁ་བཅད་དེ་སྦྲ་ནག་གི་མདུན་ཐང་དུ་བསྐྱོད། འོ་མ་དང་ས་སྲོད་ཀྱི་སྤྲིན་པ་དམར་བོ། སང་ཉིན་གྱི་འབོད་སྐུལ་དང་རེ་བཞག་ལ་ཞིམ་མངར་གྱི་མངར་ཁ་བསྲིང་ཞིང་ལང་ལོང་གི་འདུ་འཛི་རྒོད།

    ཕ་ཡུལ་ལགས། མེས་པོའི་རུས་ཆག་མོད་སའི་གནའ་ཤུལ་གྱི་མཁར་རྫོང་སྨུག་པོ། གཏེར་གྱི་བང་མཛོད་ཅིག ནོར་བུའི་ཕོ་བྲང་ཞིག

  • ལེ་ཚན་སྔོན་མ།:བདག་གི་ཕ་ཡུལ།
  • ལེ་ཚན་རྗེས་མ།:ལམ།