ཕ་ཡུལ་རྫ་ཆུ་ཁ།

ཟླ་བ་སྒྲོལ་མ།        2019-07-17

ཕ་ཡུལ་རྫ་ཆུ་ཁ།

   ཆུ་འཛིན་བུ་མོ་ལྷ་ལམ་དུ་རྒྱུ་བའི་འཇོ་སྒེག་འདི་དང་ཁྲ་ཆིལ་མེ་ཏོག་མཐའ་ཡས་སྤང་ལྗོངས་གི་རྒྱན་དུ་འཁྲུངས་པའི་མཚོན་མདངས་འདི་མཛེས་པ་ལ། འབྲུ་མོའི་ངུར་སྒྲ། རྟ་ཕོའི་མཚེར་སྒྲ།  ལུ་གུའི་འབའ་སྒྲ་སོགས་སྙན་འཇེབས་ཀྱི་རོལ་དབྱངས་སྙན་མོའི་ཁེངས་བའི་རྩྭ་ཐང་འདི་ཅི་འདྲའི་ཡིད་དུ་འོང་བ་ལ་ཨང་། རྒྱང་རིང་དུ་བལྟས་ཚེ་མུ་མཐའ་མེད་པའི་རྩྭ་ཐང་དང་ནམ་མཁའ་གཞི་གཅིག་ཏུ་གྱུར་ལ་དེ་གར་དབྱར་ཟླ་གསུམ་གྱི་དུས་ཚིགས་ལ་རོལ་བའི་འབྲི་མོ་དང་བེའུ། ལུག་དང་ལུ་གུ། རྟ་དང་རྟེའུ་སོགས་མཆོངས་ལྡིང་གི་བྲོ་གར་ཀྱི་ཉམས་འགྱུར་ངོམ་རེས་བྱེད་བཞིན་པ་འདི་མཛེས་པ་ལ། དྭངས་གཙང་གི་མཁའ་དབུགས་ནང་མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་འཐིལ་ལ་དུག་རྫས་དྲི་མ་ཙམ་ཡང་མི་བྲོ་བའི་ལྗང་མདོག་གི་དཀར་ཟས་མངར་ཟས་ཀྱི་འཚོ་བཅུད་ལ་རོལ་བའི་འབྲོག་པའི་འཚོ་བ་འདི་ཅི་འདྲའི་སྐྱིད་པ་ལ།

ཕ་ཡུལ་རྫ་ཆུ་ཁ།

   འུར་ཟིང་དང་རྙོག་འཛིང་ཆེ་བའི་གྲོང་ཁྱེར་ལས་བྲལ་ཏེ་ཕ་ཡུལ་རྫ་ཆུ་ཁའི་འབྲོག་སྡེ་ཆེན་མོར་འབྱོར་ཏེ་ལྷ་ཡུལ་ལྟ་བུའི་ཡུལ་ལྗོངས་འདི་མཐོང་བའི་ཚེ་སེམས་སུ་སྨྲ་མི་ཤེས་པའི་སྤྲོ་དགས་ཕྱུག་བྱུང་། ཕ་ཡུལ་ལགས་རྫ་ཆུ་ཁ། ཁྱེད་ལ་འཛམ་གླིང་སྟེང་ཆེས་མཛེས་པའི་བརླན་ས་དང་ལོ་སྟོང་གི་ཐང་བོད་གནའ་ལམ། རྡོ་རྐོས་རྒྱུ་རྩལ་གྱི་ཕ་ས། བཀྲ་ཤིས་པའི་བྱང་སྡེ་ཉི་མ་བཅས་ནི་དུས་རབས་འདིར་ཁྱེད་ལ་ཐོབ་པའི་མཚན་སྙན་གྱི་མིང་གི་རྣམ་གྲངས་རེད། འཛམ་གླིང་དུ་གྲགས་པའི་གནས་རི་རྫ་རྒྱལ་ཕན་ཕྱུག་ནི་ཁྱེད་ཀྱི་བླ་རི་ཡིན། རྦ་རླབས་ལང་ལོང་མཁའ་ལ་འཕྱོ་ཞིང་མདུན་ཕྱོགས་སུ་དྲག་ཏུ་བཞུད་པའི་གསེར་ལྡན་རྫ་ཆུ་སྔོན་མོ་ནི་ཁྱེད་ཀྱིས་རང་བྱུང་ཁམས་ལ་གནང་བའི་ཕན་བདེའི་བདུད་རྩི་ཡིན།

   རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གང་མང་ཁྱེད་ཀྱི་དྲོད་འཇམ་གྱི་པང་ན་བདེ་བར་འཚོ་ཡོད་ལ། མཚོ་དང་འཚེའུ། གཙང་བོ་དང་ཆུ་བོ། རྩྭ་དང་རྩི་ཤིང་། ངོ་མཚར་བའི་རི་ཀླུང་སོགས་ལ་འབག་བཙོག་ཙམ་ཡང་མཐོང་མི་ཐུབ་ལ་ཆུ་བོ་དྭངས་ཤིགས་སེ། རྩི་ཤིང་སྔོ་ལྗང་ངེ་། རི་ལུང་གཙང་དྭངས་སེ་ཡོད་པ་འདི་ནི་སྡེ་འདི་རུ་གནས་པའི་དད་ལྡན་དམངས་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གོམས་གཤིས་བཟང་བོ་རྒྱུན་བསྐྱངས་བའི་ནུས་མཐུ་དང་གོང་རིམ་འབྲེལ་ཡོད་སྡེ་ཁག་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་མཛད་པའི་བཀའ་དྲིན་མ་ཡིན་ནམ། གོང་དཔོན་གྱི་ལྷག་བསམ་འབངས་མི་སེར་གྱི་སྐྱིད་སྡུག་ལ་གཟིགས་ཤིང་དམངས་ཀྱི་འཚོ་བ་དབྱར་ཀའི་མཚོ་ལྟར་རྒྱས་པ་འདི་དགའ་བ་ལ།

ཕ་ཡུལ་རྫ་ཆུ་ཁ།

ཕ་ཡུལ་ལགས་རྫ་ཆུ་ཁ། ཕོ་རྒོད་པོས་རྟ་རྩལ་འགྲན་ས། སྨན་བུ་མོས་འཛུམ་མདངས་ངོམ་ས། ཕ་ཡུལ་ལགས་རྫ་ཆུ་ཁ། བུ་མོ་བདག་གི་ལྟེ་ཁྲག་ཁྱེད་ཀྱི་པང་དུ་འཕོས་ཤིང་ཁྱེད་ཀྱི་པང་ནས་ང་རང་འཚར་ལོངས་བྱུང་། ཁྱེད་ནི་ངའི་འཚོ་བའི་རྒྱབ་རི་ཡིན་ལ་དྲན་པའི་མ་མ་ལགས། མ་འོངས་པར་ཁྱེད་ཀྱི་སྣོད་བཅུད་གཡང་དུ་འཁྱིལ་ཞིང་ཕན་བདེ་ལེགས་ཚོགས་ཀྱི་ཁ་ལས་ཀུན་ནས་དགེ་བར་ཤོག

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སླར་ཡང་ཁྱེད་ཅག་ལ་འཁོན་སེམས་སྤྲད་དེ་གྱེས་བརྡ་འཇོག
  • ལེ་ཚན་རྗེས་མ།:གོམ་ཁ་རྩྭ་ཐང་ལ་ཕྱོགས་དུས།