སླར་ཡང་ཁྱེད་ཅག་ལ་འཁོན་སེམས་སྤྲད་དེ་གྱེས་བརྡ་འཇོག

སི་ཏུ།        2019-07-10

    ང་ཚོ་ནི་དུས་འཁོར་བབ་སྐལ་དང་འབྱུང་རྩིས་དཀར་ནག་གི་བརྒྱུད་རིམ་ལ་བཅོས་བསྲང་དང་། བཀའ་བཀོད་བཙན་ཁྲིམས་ཀྱི་རིམ་གྲོ་ཆོ་ག་སོགས་གང་ཡང་མ་བྱས་ལ། གཟུགས་མེད་ལས་དབང་ཞིག་གི་བཀོད་སྒྲིག་ལས་མ་འདས་པས། ལུང་རིགས་དང་གཏན་ཚིག རྒྱུ་མཚན་སོགས་གང་ཡང་འགོད་ཐབས་བྲལ་བའི་གནས་ལུགས་དེའོ།།

    གཏམ་སྙན་པོ་དང་ཚིག་འཇམ་པོས་སྙིང་དང་འདྲ་བའི་སློབ་གྲོགས་དང་། དཔྲལ་བའི་མིག་ལྟར་གཅེས་པའི་སློབ་གྲོགས་ཞེས། ཁ་ཁོག་འགལ་བའི་གཏམ་ཞིག་ནམ་ཡང་སྨྲ་བར་མི་བྱ་ལ། མེས་རྒྱལ་གྱི་མདུན་ལམ་དང་མ་འོངས་པའི་བདག་པོ། མི་རིགས་ཤིག་གི་གདུང་འདེགས་ཀྱི་ཀ་བ་ནི་ང་ཚོ་ཡིན་རབས་ཀྱི་དབུལ་བོའི་བུ་ཡི་ཁ་བཤད་སྙན་པའི་དཔེ་ནི་བྱེད་ག་ལ་ཕོད། དེས་ན། སྔོན་བསགས་ཤིག་གིས་མང་པོའི་ནང་ནས་བསལ་བཀྲབ་བྱས་ཏེ། དམིགས་བསལ་གྱི་དགེ་རྒན་དང་སློབ་ཁང་སོགས། བཟློག་ཏུ་མེད་པའི་རྒྱུ་འབྲས་རྟེན་འབྱུང་གི་རིག་པ་ཞིག་གིས་ལྷན་ཏུ་དྲིལ་བ་ནི། ཅིས་ཀྱང་བརྩི་སྲུང་དང་དད་པ་བྱེད་ཡུལ་ཉག་གཅིག་ཡིན་ལ། ལས་ཀྱི་ལམ་བུ་དེའང་ཡིན།

    མི་ལོ་གསུམ་གྱི་སྐྱིད་སྡུག་གི་རོལ་དབྱངས་དཀྲོལ་རོགས་ཚོ། མི་ལོ་གསུམ་གྱི་ཕྲག་དོག་དང་ང་རྒྱལ་གྱི་མེ་ལྕེ་མཆེད་གྲོགས་ཚོ། ད་ནི་སླར་ཡང་རངརང་གི་མི་ཚེའི་སྐས་ཐེམ་ཞིག་ལ་གོམ་ཆུང་འཇོག་པར་ཞུ། གནས་དེ་ནི་གུ་ཡངས་དང་རང་དབང་གི་ཁོར་ཡུག་ཅིག་ཀྱང་ཡིན་སྲིད་ལ། གནས་དེ་ནི་གནོན་ཤུགས་དང་མུན་ནག་གིས་བཟུང་བའི་ཡུལ་ཁམས་ཤིག་ཀྱང་ཡིན་པར་ངེས། གང་ལྟར། ལོ་ཟླ་མཉམ་གཤིབ་ཀྱི་རྫོགས་ཚིག་གི་སྲུབས་ཀ་ནས། འདས་སོང་ལ་ཕྱིར་མིག་ཐེངས་གཅིག་འཕེན། མྱངས་ཟིན་པ་དག་ལ་དབང་པོ་ཐེངས་གཅིག་གཡར། དེ་དག་གི་འཚོ་བའི་བར་གསེང་རེ་རེ་ནས། ཁྱེད་དང་ང་ཚོའི་ཕྱོགས་ལྷུང་དང་ཞེ་འཁོན། གཉའ་གནོན་དང་རང་རྒྱགས་ཀྱི་བྱ་སྤྱོད་ཡོད་ཚད། རྩ་བ་ནས་མེད་པར་བརླགས་ཏེ། དྲང་བདེན་དང་ཤེས་རབ། དཔྱོད་ཤེས་དང་སྒམ་བརླིང་དག འདུ་ཤེས་ཀྱི་ཕྲ་ཕུང་དུ་ཉལ་ནས་ལམ་ལ་ཆས། འུ་ཅག་གི་ཕྱིར་དྲན་དང་བློ་མིག་རེ་རེ་ནས་མི་ཚེའི་རིན་ཐང་དང་། མི་བུ་ཞིག་གི་གཤིས་སྤྱོད་ལ་རྡོག་བརྫིས་བྱས་པ་ཅི་ཙམ་ཡོད། བསམ་གཞིག་གི་ཡིད་ཁུགས་རེ་རེ་དང་དུས་ཚོད་ཀྱི་རྨ་ཁ་སོ་སོ་ན། ལང་ཚོའི་ཟིལ་ཤུགས་ལ་སྒེར་གཅོད་དང་བཀག་འགོག་ཐེབས་པ་ག་ཙམ་གདའ། ཡང་ན་མཐུན་སྒྲིལ་དང་སྟོབས་ཤུགས་ཀྱི་སྲོག་རྩ་གཅིག་ཏུ་བསྒྲིལ་ཏེ། རྒྱལ་ཁ་དང་ཤུགས་རྐྱེན་གྱི་བག་ཆགས་བསྐྲུན་པ་ཅི་ཙམ་ཡོད། དེ་དག་ནི་གསང་བྲལ་འབུར་ཐོན་གྱི་ཡིད་ཀྱི་དྲན་པ་རུ་ཉལ་ཆོག

    སློབ་གྲོགས་ཚོ། ཁྱེད་ཅག་སླར་ཡང་སློབ་མ་ཞིག་ཏུ་འགྱུར་བར་སྨོན། བློ་རིག་གཏིང་ཟབ་དང་མི་གཞི་བཙོ་སྦྱང་སོགས། ཤེས་རབ་ཀྱི་རྣོ་སོ་འདོན་སྟངས་མི་འདྲ་བ་རེ་ནས། ཁྱེད་ཅག་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ཁ་ཡོད་ལག་ཡོད་ཀྱི་ན་གཞོན་ཤེས་རབ་ཅན་དང་། སྙིང་སྟོབས་ཅན་ཞིག་ཏུ་ཡོང་བར་སྨོན། སྐྱིད་སྡུག་གི་ཕོར་ཁ་གཅིག་པའི་མི་ལོ་གསུམ། ཐ་ཚིག་དང་བསྟོད་བསྔགས་ཀྱི་ཁེན་ས་གཅིག་པའི་སློབ་གྲོགས་ཚོ། འུ་ཅག་གིས་ཕན་ཚུན་ལ་ཇི་ལྟར་སྡིགས་རུང་། ཤེས་བྱའི་རིག་གཞུང་གི་གླེགས་བམ་ཐང་ལ་བཀྲམས་མྱོང་། འུ་ཅག་གིས་ཕན་ཚུན་ལ་བརྗེད་དུ་མེད་པའི་དྲན་ཤིང་རེ་བཞག་ཡོད། སློབ་གྲོགས་ཚོ། འུ་ཅག་དགོད་མྱོང་བའི་མཁའ་དབུགས་དྭངས་མོ་དེ་ན། ལྷད་མ་འདྲེས་པའི་འཛུམ་མདངས་དག་གི་བཞུར་རྒྱུན་ཡོད། གློ་སྙིང་བྲང་གསུམ་གྱི་འཕར་ཆ་རེ་རེ་ན། བརྗོད་ཐབས་བྲལ་བའི་སེམས་ཚོར་རྣལ་མ་ཡོད།

    སློབ་གྲོགས་ཚོ། ཁྱེད་ཅག་ནི་གཞུང་དྲང་དང་ཤེས་རབ་ཅན་ལ་དད་པ་བྱེད་མཁན་དེ་མ་ཡིན་ནམ། མིག་གི་ལྟ་རྒྱ་རྒྱང་དུ་ཆོད་པའི་ན་གཞོན་དག་མ་ཡིན་ནམ། ང་ཚོས་ཅིས་ཀྱང་ཕྱིར་དྲན་ཐེངས་གཅིག་ལ་ཉམས་སུ་མྱོང་། ཟུབ་མེད་དྲན་ཤིང་གི་ཡུལ་ངོས་རེ་རེ་ནས་མཛེས་སྡུག་གི་ནོམ་པ་ཡོད་ཚད། རང་རང་གི་རུམ་ཁུག་ཏུ་བཅུག་ནས་གྱེས་བརྡ་འཇོག བདེ་བར་སྨོན། སློབ་གྲོགས་ཚོ། ད་ནི་རྣམ་རྟོག་གི་སེམས་ཀྱིས་གཡོས་པའི་རླབས་སྒྲ་དེ་བཏང་སྙོམས་ཀྱི་བརྟུལ་ཞུགས་འཛིན་པར་བྱས་ཤིང་། སློབ་གྲོགས་ཚོའི་རྒྱལ་ཁའི་ཕུགས་བསམ་ལ་གཟི་བརྗིད་འབར་ཞིང་ནད་མེད་ཚེ་རིང་ཞུས།།

  • ལེ་ཚན་སྔོན་མ།:བགྲང་བྱའི་ལྟེབ་ཁུག་ཏུ་ལུས་པའི་དྲན་པ།
  • ལེ་ཚན་རྗེས་མ།:ཕ་ཡུལ་རྫ་ཆུ་ཁ།