བགྲང་བྱའི་ལྟེབ་ཁུག་ཏུ་ལུས་པའི་དྲན་པ།

ཀྱེ་ཕུར་མཆོག་གསུམ།        2019-07-05

ཨ་མ་ལགས། བགྲང་བྱ་གསུམ། ཏག་ཏག་མཛུབ་མོ་ནང་ལ་བཀུག་པའི་བགྲང་བྱ་གསུམ་ལ། ངས་མིག་ཆུའི་རྒྱུན་ཐག་མ་ཆད། དངན་པའི་འོ་དོད་མ་བཞག ཞོགས་ཟེར་གྱི་ཉི་གཞོན་གདོང་གིས་བསུས་ཏེ། འགྱོད་གདུང་གི་ཉི་མ་ཚང་ལ་བསྐྱལ་བ་ཡིན། མ་ཎི་ཡིག་དྲུག་གི་དབྱངས་རྟ་སེམས་ལ་བསྐྱིལ་ཏེ། འདས་སོང་གི་ལོ་ཟླ་དྲན་པས་སྔོག་པ་ཡིན།

བྱ་ཁུ་ལོས་གསུང་སྙན་བོད་ལ་སྒྲོག་དུས། བྱེའུ་འཇོལ་མོས་སྨྲེང་སེམས་ནགས་ནས་འགུག་དུས། ངས་མཆི་མའི་རྒྱུན་ཐག་སེམས་ནས་ཆད་མྱོང་།

ཨ་མ་ལགས། བྲང་ནུ་ཞོས་གསོས་པ་བརྗེད་མེད་ཡིན། གསུང་དྲོན་མོས་བསྐྱངས་པ་བརྗེད་མེད་ཡིན། ཁྱེད་ཀྱིས་ཟླ་དགུ་ཞག་བཅུར། སེམས་གངས་ངོས་ལ་རྡུལ་ཆགས་ཏེ། ལུས་འབྱུང་བཞིའི་སྤང་ལ་སྨུག་འཐིབས་ནས། བསམ་གཞིག་གི་ནམ་མཁའ་གཅལ་དུ་བཀྲམས་ཤིང་། བློས་བསླངས་ཀྱི་སྐར་ཚོགས་ནམ་མཁར་བསུས་པས།ཁྱེད་ཀྱིས་འོ་བརྒྱལ་མྱངས་སོང་། དངོས་གནས་འོ་བརྒྱལ་མྱངས་སོང་།

ཨ་མ། ཁྱེད་ནི་ཁྱིམ་བཟའ་མི་གང་གི་ནམ་མཁའ་ཡིན། ང་ཚོ་སྐར་ཚོགས་བཞིན་ཁྱེད་ཀྱི་ཕང་བར་རུབ་སྟེ། ལྷག་བསམ་གྱི་ཟླ་བ་སེམས་ཀྱིས་བསྐོར་ཡོད། ཉི་ཤར་དང་ཉི་ནུབ་བསྐལ་བས་ཆོད་ཀྱང་བྱམས་བརྩེ་ཡི་ཕྱག་འཇུ་ནམ་ཡང་ལྷོད་མ་མྱོང་། དེ་བས་ངས་ཁྱེད་ལ་རྗེ་བཙུན་སྒྲོལ་མ་ཞེས་ཡང་ཡང་འབོད་འདོད།

ཨ་མ། ཁྱེད་ནི་མྱང་ཚ་དཀར་རྒྱན་མིན་ཡང་། ཁྱེད་རང་མ་ཅིག་ལབ་སྒྲོན་མིན་ཡང་། ཁྱེད་ལ་སྣང་ས་འོད་འབུམ་དང་འགྲོ་བ་བཟང་མོའི་མིང་གི་ཅོད་པན་མེད་ཀྱང་།ངའི་སེམས་ནས་ཁྱེད་ནི་ས་ཆེན་ཐེག་པའི་སེམས་དཔའ་ཡིན། དྲི་མེད་ཀུན་ལྡན་ཡིན། སྟག་མོ་ལུས་སྦྱིན་ཡིན། ཁྱེད་ཀྱིས་ཁྱིམ་ཚང་གི་དྲོད་ཁོལ་བཏེགས་ནས་བུ་ཕྲུག་དག་གི་འབྱུང་བཞི་གསོས།རྔུལ་ཆུ་དང་བརྩོན་པས་བཀྲུས་པའི་འཛུམ་ཆུང་གཉོམ་པོས། ང་ཚོའི་ལུས་ངག་གི་ཐན་པ་བདས་ཤིང་རྣམ་རྟོག་གི་གྲིབ་མ་དག

ཨ་མ་ལགས། ཁྱིམ་འཛོམས་པོའི་དགོད་སྒྲ་གཞིས་ལ་འཁྱིལ་དུས། ཞང་ཨ་ཡང་ལ་མོ་ངག་ལ་འགུག་དུས། ཁྱེད་རང་སྐར་ཚོགས་ཁྲི་ཕྲག་གི་དཔུང་རྡང་འཐོར་ནས་གང་དུ་བཞུད། མཚན་སྨག་གི་སྒྲོན་མེ་ཇི་བཞིན་གང་དུ་གཟིམ། མཚན་མོ་དེ་ནས། ངས་ཉམ་ཐག་པའི་ཨ་ཕའི་ངོ་གདོང་འཚོས་ནས། དྲན་དྲགས་པའི་ཁྱེད་རང་ཡང་ཡང་གླེང་དུས། ངའི་གློ་སྙིང་མཆིན་གསུམ་གས་ཁར་སོང་སྟེ་མགོ་ཀླད་རིས་དུམ་བུ་སྟོང་དུ་གས། མིག་མཆི་མ་འཁྱགས་པས་བྲང་ཁོག་གཤགས་ཏེ་ངའི་འཆར་གཞིའི་ལྗོན་པ་ཐང་ལ་བསྒྱེལ། ངས་འགྲོ་གོམ་པ་ལན་གསུམ་སྤོས་ཀྱང་། སེམས་སྨྲེང་བའི་རྦབ་རྡོ་རི་ནས་འདྲིལ་ཏེ། ཡིད་སྐྱོ་བའི་དམུ་ཐག་ཡིད་ནས་ཆད་འགྲོ།

ཨ་མ་བཞུད་པ་ནི་ཉི་མ་བཞུད་པ་དང་འདྲ་བར་ངའི་སེམས་ཀྱི་ཟབ་སར་མུན་ནག་འཐིབས་ཤིང་། ཨ་མ་བཞུད་པ་ནི་དབྱར་ཟླ་བཞུད་པ་དང་འདྲ་བར་ངའི་སྙིང་ལ་དགུན་གྱི་ཐལ་སྐྱ་འཚུབ་ཡོང་། བྲང་ཁོག་ལ་ཆགས་པའི་སྐྱོ་ངལ་གྱི་འཁྱགས་རོམ་མཐའ་དག སུ་ཞིག་གིས་རྨང་ནས་བཞུ་ཐུབ་བམ། མིག་ཟུང་ནས་བརྡོལ་བའི་མཆི་མ་ཡི་གཙང་བོའི་བཞུར་རྒྱུན། སུ་ཞིག་གིས་རྨང་ནས་གཅོད་ཐུབ་བམ།

ཨ་མ་ལགས། ལོ་ཟླ་འདི་དག་གི་སོར་རྩེ་ནས། ང་རང་རླུང་གིས་ཁུར་སླ་བའི་དངོས་གཟུགས་ཤིག་གམ་བསམ་གཞིག་མོད་པའི་མི་ཧྲང་ཞིག་ཏུ་གྱུར་ཏེ། དྲན་གདུང་སྡུག་བསྔལ་གྱི་རི་ལུང་གཏོད་མེད་མྱུལ་ཏེ། ཨ་ཆད་འུ་ཐུག་གི་གཙང་པོར་ལན་མང་ལྕེབས་མྱོང་།

ད་ནངས་སྤྲིན་དཀར་པོ་ཞིག་ལྷོ་ནས་བྱང་དུ་བགྲོད་དུས། ངས་ཨ་མ་ཁྱེད་ལ་སེམས་འཕྲིན་བསྐུར་ཡོད། ཆུ་གཙང་བོ་ཡིས་ལ་ལུང་བརྩོན་པས་མྱུལ་དུས། ངས་ཨ་མ་ཁྱེད་ལ་གླུ་ཞིག་བླངས་ཡོད། རླུང་བསེར་བུ་ཞིག་དུས་ཀྱི་ཕོ་ཉར་བཏང་སྟེ། ངས་ཨ་མ་ས་ཕྱོགས་གང་སར་བཙལ་ཡོད། ཨ་མ། ཐ་ན་ངས་ཁྱེད་ཀྱི་གསུང་སྒྲོས་ཙམ་དང་གྲིབ་གཟུགས་ཙམ་ཡང་མ་མཐོང་བས། ཡིད་ཆད་པའི་མགོ་བོ་ཐང་ལ་ལྷུང་སྟེ། སྡུག་དངན་པའི་སྨུག་སྤྲིན་བྲང་ལ་བསྐྱིལ་ཡོད།

ཨ་མ། རི་མཐོན་པོའི་རྩེ་ཡི་དར་ལྕོག་མ་རེད། ཆུ་གཙང་བོའི་སྟེང་གི་ཟམ་ཆེན་མ་རེད། སྤང་མེ་ལོང་དཀྱིལ་གྱི་མེ་ཏོག་མ་རེད། མཚོ་ལྗང་ལོའི་འཇིངས་ཀྱི་ཉ་མོའང་མ་རེད། ངས་སེམས་ཁོ་ཐག་ཆད་དེ་བསམ་གཞིག་ལན་གསུམ་བཏང་ན། ངའི་ཨ་མ་འཇིག་རྟེན་མི་ཡུལ་ན་མི་འདུག སྤྲིན་དཀར་པོ་དར་གྱི་གཤོག་པར་སྤྲས་ཏེ། དགུང་ཨ་སྔོན་ཕོ་བྲང་གོང་མར་ཕེབས་སོང་ངམ། གནས་དེ་ན་ནམ་མཁའི་ལྷ་ཚོགས་དང་ལྷན་དུ་ཡོད་དམ། ཚངས་པ་དང་བརྒྱ་བྱིན་སོགས་ཀྱི་གཟི་བྱིན་ལ་མཚར་ཏེ། ཕྱིར་མི་ཡུལ་དུ་ལོག་པའི་ལམ་ནོར་བྱུང་ངམ། ཨ་མ་ལགས། དེ་རིང་ངེད་བཟའ་མི་ཚང་མ་གོ་ཁར་འདུས་ཤིང་མཆོད་མེ་འོད་རླབས་ཡ་ཕུག་ལ་བསྒྲོན་ཏེ། མ་ཎིའི་རང་སྒྲ་མགྲིན་པར་བསྐྱིལ་ནས། ཁྱེད་ཀྱི་ལོག་ཕེབས་ལ་སེམས་ཀྱིས་བསྒུག་ཡོད། ཨ་མ། ངས་དྲན་གདུང་གིས་འཚོས་པའི་ཡུམ་ཆེན་ལགས།


  • ལེ་ཚན་སྔོན་མ།:ས་སྲོད་ཀྱི་འཆར་སྒོ་སྣ་ཚོགས།
  • ལེ་ཚན་རྗེས་མ།:སླར་ཡང་ཁྱེད་ཅག་ལ་འཁོན་སེམས་སྤྲད་དེ་གྱེས་བརྡ་འཇོག