ས་སྲོད་ཀྱི་འཆར་སྒོ་སྣ་ཚོགས།

བློན་འབར།        2019-07-01

གཅིག

    ཉི་ནུབ་ཀྱི་འོད་ཕྲན་སྣ་ཚོགས་མཁའ་མཐའི་སྤྲིན་པས་བཀག་སྟེ་སེར་དམར་སྔོ་ལྗང་གི་འགྱུ་བ་ཅི་རིགས་ཁང་བརྩེགས་ཀྱི་རྔམས་ཁ་བརྟོལ་ནས་འདྲེན་བྱེད་ཀྱི་ཡུལ་དུ་སྣང་། ས་སྲོད་ཀྱི་ཁོ་ར་ཁོར་ཡུག་རེ་ཞིག་ལྷིང་འཇགས་དང་རླུང་བུ་བསིལ་མོའི་རྒྱུ་ཡུལ་ཉག་ཅིག་ཏུ་གྲུབ་པས་ངལ་དུབ་ཀྱིས་མནར་བའི་ཨོང་ཤ་རྡོ་གཅལ་དུ་བཞག་སྟེ་མིག་གི་རྒྱལ་མོ་རྒྱང་རིང་གི་ཡུལ་དུ་བྱེར་ཐེངས་རེར། སྨྲ་བསམ་བརྗོད་བྲལ་གྱི་ཚོགས་ནི་ཕུ་ཆུ་མདའ་རུ་བཞུར་བ་ལྟར་ལུས་བྱུང་།

    ཉིན་འདི་གར་བཀླག་མ་ཚར་བའི་དེབ་དང་བྲིས་མ་ཚར་བའི་རྩོམ། ལས་མ་འགྲུབ་པའི་བྱ་བ་མང་པོའི་ཁྲོད་ནས་རྐང་ལག་གཉིས་ལ་ངལ་གསོ་ཅི་ཡང་མེད་པར་ཡར་འདུར་མར་རྒྱུགས་ག་ཚོད་ཅིག་བྱས་ཀྱང་བྱས་ནས་གྲུབ་སོང་བསམ་སྤྱད་ཅིག་དང་གྲུབ་ནས་བདེ་སོང་ཟེར་སྤྱད་ཅིག་ཡེ་ནས་རྙེད་མ་བྱུང་།

    འཆར་ཅན་ལྟར་སློབ་ཁང་དུ་འགྲོ་བ་དང་དེ་ནས་ཨུ་ཚུགས་ངང་དཔེ་ཀློག་ལ་ཞུགས་པ། དུས་ལྟར་ཟ་ཁང་དུ་འགྲོ་བ་ནས་མལ་ཁང་དུ་ལོག་སྟེ་གཉིད་ལོག་བྱེད་པ་ཚུན་ཆད་བཞག་ན་ཉིན་གཅིག་གི་དུས་ཚོད་མཐའ་དག་ཕྱེད་ཀ་ནས་ཡང་ཕྱེད་དང་དེ་ནས་སིལ་བུར་གྱུར་ཏེ་མཐའ་མར་རང་ཉིད་ཀྱི་འཚོ་བའི་གྲུབ་ཆ་ཡོད་ཚད་སིལ་བུ་ནས་གོང་བུ་དང་། གོང་བུ་ནས་ཆེན་པོ་ཞིག་ཏུ་ཆགས་ཀྱང་ཞིབ་ཏུ་བརྟག་ན་ཐམས་ཅད་སོབ་སོབ་དང་མག་མོག་རྐྱང་ཞིག་གིས་གྲུབ་འདུག་པས། ཨེ་མ་ཀྱི་ཧུད་ཀྱིས་མཚོན་དགོས་པའི་རེ་ཆད་ཡི་མུག་གི་སེམས་བྱུང་ནི་ལྷོ་སྤྲིན་འཕྱུར་བ་བཞིན་དུ་བརྡོལ།

    ཕ་ཡུལ་ལ་ད་སོ་མར་དཔྱིད་མགོ་སྨིན་མཚམས་ཡིན་པས་རི་མགོའི་འཁྱག་རོམ་དང་ལུང་ཕྲན་དག་ན་འཇམ་ཅག་གེར་ཆགས་པའི་ཆུ་མོའི་འགྲམ་དར་ཅི་མཆིས་དཔྱིད་ཉིའི་དྲོད་དང་དཔྱིད་ཟླའི་བསིལ་རླུང་གི་རྐྱེན་བྱས་རེ་ཞིག་ཐམས་ཅད་སྔར་གྱི་ཚུལ་ལས་གྲོལ་ཏེ་ཞུ་བའམ་སྐྱ་འཐོར་བའམ་རང་རང་སར་ཆས་པའི་རྣམ་འགྱུར་གྱིས་ལྷང་ལྷུང་གི་ཚུལ་དང་ཆལ་ཆིལ་གྱི་འགྱུར་གྱིས་གསོན་མདོག་གི་ལང་ཚོ་ངོམ། གྲོང་དང་གྲོང་ཁྱེར་གྱི་མུ་ཁྱུད་དཔག་ཚད་ཇི་སྙེད་ལ་བསྲིངས་པའི་ལྗོངས་འདིའི་བཀོད་པ་ནི་སྔ་ས་ནས་དབྱར་ཕ་མ་འདྲ་བའི་པང་དུ་ལོག་ཟིན་ཀྱང་། གྲོང་ཁྱེར་གྱི་མི་དང་གནམ་གཤིས་ནི་ཕན་ཚུན་རྟེན་ཅིང་འབྲེལ་བའི་ཚུལ་ཞིག་ཏུ་གྲུབ་འདུག་ཙང་། ཐོ་རེངས་ཨ་སྔོན་སྔོ་བསངས་ཆགས་ཀྱང་བར་སྐབས་ཉི་གཞོན་སྤྲིན་གསེབ་སྡུད་པའམ། སྔ་དྲོར་ཚ་ཟེར་ལྷག་པར་རྒོད་ཀྱང་ཕྱིར་ཇའི་མཚམས་ལ་ཆར་བ་ཤ་འོད་རྒྱུག་པ་འདྲ་རེ་འབབ་པ་ནང་བཞིན་ཉེ་འཁོར་གྱི་མིའང་ཕྱི་ནས་འཛུམ་གྱི་འདབ་མ་གྲོལ་ཡང་ནང་ལ་ལྷགས་དུས་སྡུག་པའི་དྲི་ངན་གཏོང་བ་སོགས་ལྷག་པར་མང་བས་ཕྱིའི་སྣོད་དང་ནང་བཅུད་ཀྱི་རྟེན་འབྲེལ་གཤའ་མར་གནས་པ་ནི་ཡུལ་འདིར་མངོན་དུ་གསལ་ཏོ།།

    མདོ་མཐོ་དབུས་སྒང་གི་ཞོགས་པ་དང་ཉི་ནུབ་ཀྱི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་མིན་ཅི་མཆིས་ཀྱང་ད་ཚོད་ནང་ལོགས་ཀྱི་ལྗོངས་རྒྱུ་བ་མང་པོ་ཡུལ་འདིར་ལྷགས་ནས་མཚོ་སྔོན་པོའི་མཚོ་ཁ་དང་རི་བོ་ཉི་ཟླའི་ལྡིང་ཁང་གིས་མཚོན་པའི་མཐོ་སྒང་གི་མཐོ་ས་དག་ནས་རང་ཡུལ་གྱི་ཉི་མ་འཆར་བར་རེ་སྒུག་དང་དེའི་མཛེས་སྡུག་ལ་ལོངས་སྤྱོད་བྱེད་པ་ཡིན་ཀྱང་། མཐོ་སྒང་གི་མི་རྣམས་ཉི་མའི་གྲོང་ན་ཡོད་པས་རེད་དམ་ཡང་ན་ཞོགས་པའི་ཉི་གཞོན་གྱི་འཛུམ་ཆུང་རང་ཉིད་ཀྱི་པང་བར་བླངས་པས་ཡིན། གང་ལྟར་ཡུལ་འདིའི་མི་རྣམས་གཞན་དག་དང་བསྡུར་ན་ཆེད་དུ་ཉི་ཤར་དང་ཉི་ནུབ་ཀྱི་མཛེས་ལྗོངས་ལ་རོལ་བའི་གོ་སྐབས་ཤིན་ཏུ་ཉུང་བར་སྣང་བས་བདག་ཀྱང་དེ་འདྲ་ནང་བཞིན་ཕ་གཞིས་དང་བྲལ་ཏེ་ཡུལ་འདིར་ཉི་མ་བཏང་ནས་ལོ་ངོ་གཉིས་དང་ཕྱེད་ཙམ་འགོར་རུང་ཞེ་ལྷོད་ལྷོད་ངང་སྲོད་ཁའི་མཚམས་སྤྲིན་ལ་ཅེར་བ་ནི་དོ་དགོང་གཅིག་པུ་ཡིན་ངེས།

གཉིས།

    སྐས་ཐེམ་བཅུ་གྲངས་ཀྱིས་གྲུབ་པའི་རྡོ་སྐས་བརྒལ་ནས་ཤེལ་སྒོ་འདི་བརྒྱུད་ཐེངས་རེར་ངས་རང་ཉིད་ཚུལ་འཆོས་དང་ཟོལ་རྫུས་ཁེངས་པའི་འཇིག་རྟེན་ཞིག་ནས་ཁེར་རྐྱང་དང་བག་ཡངས། ཡང་ན་རང་གི་འདོད་པ་ལྟར་འཚོ་ཆོག་ཅིང་རང་གི་ཞེ་བློ་ལྟར་བསམ་ཆོག་པའི་ཡུལ་ལྗོངས་ཤིག་ལ་སླེབས་པའི་སྣང་བ་སྐྱེས། ཐོག་བརྩེགས་དང་ཁང་མིག་ཇི་སྙེད་ཀྱིས་གྲུབ་པའི་འཇིག་རྟེན་ཆུང་ཆུང་འདི་ཇི་འདྲའི་རྒྱ་ཆེ་བ་ཞིག་དང་ཁོད་ཡངས་པ་ཞིག་རེད་ཨང་། “ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིིང་དུལ་ཅིང་ནང་དུ་རིམ་གཉིས་རྣལ་འབྱོར་གདེངས་དང་ལྡན”པའི་ཐོས་འཚོལ་གྱི་ཚོགས་ནི་སེམས་ཉིད་ཞི་བའི་ལྷས་སུ་ཆགས་ཏེ་ཏིང་འཛིན་དམིགས་གཏད་བརྡང་དུ་སྦྲེལ་ནས་ཀློག་དང་བརྟག་དང་དཔྱད་པའི་སྒོ་དུ་མ་ནས་ཤེས་བྱའི་ཡུལ་དུ་འཇུག་ཅིང་སློབ་པའི་རྩེ་མོར་བསྙེག

    ཁུ་སིམ་དང་ཞི་འཇགས། ཞི་དུལ་དང་བག་ཡངས་སོགས་ཞི་བའི་ཐ་སྙད་ཀྱིས་མཚོན་དགོས་པའི་ཁོར་ཡུག་ཡིད་དུ་འོང་བ་འདི་ནས་ཞེ་སྡང་མེད་ཅིང་ཁྲོ་བ་མེད་པ། དཔུང་ཐུག་མེད་ཅིང་སྐེ་གཅུ་མེད་པའི་ངང་ཞུམ་པའི་མགོ་བོ་ནང་དུ་དུད་སྟོབས་པའི་སེམས་དཔངས་མཐོ་རུ་གཏེགས་ཏེ་དཔེ་སྒྲོམ་གྱིས་གྲུབ་པའི་རྒྱལ་ཁམས་ཤིག་ནས་རང་ཉིད་ཕྱེ་ལེབ་ཆུང་ངུ་ཞིག་ཏུ་སྤྲུལ་ཏེ་སྤྲོ་སྣང་དང་དགའ་དད་ཀྱི་བསུང་ངད་ཚུར་བསུས་ཆོག་ཅིང་བྲོད་སེམས་དང་སྨོན་འདུན་གྱི་རླུང་རྟ་ཕར་ལ་གཏོར་ཆོག མ་ཟད་མཚམས་མཚམས་སུ་དཔྱིད་རླུང་ཁེར་རྐྱང་བ་ཞིག་ལྗོན་གསེབ་དང་མེ་ཏོག་གི་དབུ་རྒྱན་ལ་འཁོར། བདེ་མོའི་ཐང་དང་འཇམ་པའི་ངོས་དག་ལ་རེག་གིན་སྒོ་དང་སྒེའུ་ཁུང་བརྟོལ་ཏེ་གམ་ནས་རྒྱང་དུ་ཐལ་ཅིང་རྒྱང་ནས་གམ་ལ་བཅར་དུས་རེ་ཞིག་གི་ངལ་དུབ་མཐའ་དག་བསིལ་ཆུས་མི་གཙང་བ་བཀྲུས་པ་ལྟར་དུ་ཤར་ལ་གཡུག་སྟེ་རང་ཉིད་ཀྱི་ནང་སེམས་སུ་འོད་ཀྱི་དྲ་བ་དྲ་ཕྱེད་འཐེན་ཆོག

    ཉིན་གཅིག་གི་ངལ་ལས་མཐའ་དག་དཔེ་ཁུག་ཏུ་བཅུག་ནས་ཤེལ་གྱི་སྒོ་ལས་ཕྱིར་ཐོན་ན། ཁྲ་ཚོམ་མེར་དང་འོད་ཀྱུག་ཀེར་གནས་པ་ཇི་སྙེད་ཀྱིས་མིག་གི་དབང་བོའམ་ཡིད་ཀྱི་ཁམས་ཐམས་ཅད་ག་ཤེད་ཅིག་ལ་རྨང་ནས་གཡོགས་ཏེ་བཟི་ཞིང་འཁྱོམ་པའམ་ཅི་འདི་མེད་པར་བཏང་ནས་ཧད་པར་བྱས། མདུན་ཕྱོགས་ཀྱི་ཡུལ་ལྗོངས་དང་གནམ་མཐའི་མཚམས་ཀྱི་སྤྲིན་པ་ཚོན་མདོག་ཅན་དེར་ཅེར་ནས་དར་ཅིག་འགོར། བྱིན་ཆེ་བའི་དབུགས་དབྱུང་དེའི་སྟོབས་ཀྱིས་མགོ་ནས་མཇུག་དང་ཕྱི་ནས་ནང་གི་མི་བདེ་བ་དང་མ་ངེས་པ་ཡོད་ཚད་སྐད་ཅིག་དེ་ཉིད་ལ་ཡོངས་སུ་སད་ཅིང་གཏིང་ནས་སངས། ཉབ་ཉོབ་ཏུ་གྱུར་པའི་ཤེས་པ་དེའང་གཏིང་ཞིག་ནས་གསོན་མདོག་ཅིག་འཆར། དེ་ཤེད་དུ།

    བསིལ་བསིལ་རྒྱུ་བའི་རླུང་བུ་དང་།།རླུང་བུར་བརྒྱུས་པའི་དྲི་ངད་ཀྱིས།།ཡིད་ནི་ཡུལ་ལ་དྲངས་བྱས་ཏེ།།སེམས་ཉིད་ཞིམ་པའི་མཐིལ་དུ་ལྷུང་།།དགུང་ཁའི་ཟླ་འོད་སྒོར་ཞིང་གསལ།།རྒྱུ་སྐར་དག་ཀྱང་ཕྲ་ཚོམ་རྒོད།།རེ་ཞིག་རྒྱང་དུ་འདས་པ་ཡི།།རླུང་བུས་ཡིད་འདི་འཁྱེར་ཏེ་ཐལ།།ཟླ་འོད་ལྗོན་གསེབ་བརྟོལ་ཏེ་འཕྲོ།།གཞོན་ནུ་ཕོ་མོ་ལྗོན་འོག་རྒྱུ། །

    ལྕུག་ཕྲན་ཕན་ཚུན་འཁྱུད་པ་ཡི།།ལོ་འདབ་ཆུ་ཐིགས་འཁུར་མགོར་ཟགས། །ཞེས་མིག་གི་རྒྱལ་མོ་བྱང་མཐའི་མཚམས་སྤྲིན་ལ་ཅེར་གྱིན་ཡིད་ནས་དབང་མེད་དུ་འདི་འདྲ་ཞིག་ཐོལ་བ་དང་ལྷན་ཅིག་ཕྱིར་མཁའ་རུ་ཅེར་ཙ་ན་མཚམས་སྤྲིན་ཀྱི་ཐག་བརྡང་ལྷོད་དེ་སྐར་མའི་གྲལ་རིང་བསྟར་བྱུང་།།

  • ལེ་ཚན་སྔོན་མ།:ཨ་ཅེའི་འཛུམ་བག་ཡལ་རྗེས་ཀྱི་ནམ་ཟླ།
  • ལེ་ཚན་རྗེས་མ།:བགྲང་བྱའི་ལྟེབ་ཁུག་ཏུ་ལུས་པའི་དྲན་པ།