ཚགས་པར་གྱི་གནའ་དང་དེང་།

ཉི་མ་རྡོ་རྗེ།        2019-06-24

ཚགས་པར་གྱི་གྲུབ་ཆ་གཙོ་བོ་ནི་གཏམ་གསར་ཡིན་ཞིང་།སླ་མོས་བརྗོད་ན་གཏམ་གསར་པ་ཡིག་ངོས་སུ་འཁོད་པ་དེར་ཚགས་པར་ཟེར།

སྔོན་ཆད།ཆ་རྐྱེན་དབེན་པའི་སྐབས་སུ།གཏམ་གསར་བྱུང་ས་གཙོ་བོ་ནི་སྒྲ་སྡུད་འཕྲུལ་འཁོར་དང་།ཚགས་པར་ཡིན་ལ།རྗེས་ནས་མུ་མཐུད་དུ་བརྙན་འཕྲིན་དང་།ཕྲན་འཕྲིན།པོད་འཕྲིན་སོགས་བྱུང་ནས་རིམ་བཞིན་དེང་རབས་བརྡ་འཕྲིན་གྱི་དུས་རབས་དང་འགྲོགས་ནས་གཏམ་གསར་གྱི་འབྱུང་ཡུལ་མང་པོ་བྱུང་ཡོད།

ང་ཚོ་ནི་རྫོང་མཁར་དང་རྒྱང་ཐག་ལེ་དབར་བདུན་ཅུ་ལྷག་ཡོད་པའི་ལུང་ཁུག་གི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་ཡོད་ལ།དེ་སྔོན་འགྲིམ་འགྲུལ་སྟབས་བདེ་པོ་མེད་པའི་རྐྱེན་གྱིས།ཚགས་པར་དང་ཡི་གེ་སྐྱེལ་འདྲེན་བྱེད་པའི་ཡིག་སྐྱེལ་པའི་བྱ་བ་དེ་རྟ་ཟོག་དང་།ལྕགས་རྟ།འཕྲུལ་རྟ་སོགས་ཀྱིས་སྒྲུབ་ཀྱིན་ཡོད་པས་བྱ་བ་དེ་སྒྲུབ་པར་དཀའ་ངལ་ཧ་ཅང་ཆེ།དེ་འདྲ་ཡིན་པས་ཡུལ་ཤོག་གི་ལས་བྱེད་པས་ཀྱང་ཚགས་པར་ལ་འཛིན་པའི་འདུ་ཤེས་ཧ་ཅང་ལེགས།ཁོ་ཚོས་ཚགས་པར་ལག་ཏུ་འབྱོར་རྗེས་བལྟ་ཀློག་བྱེད་པ་དང་།གལ་ཆེ་བའི་གཏམ་གསར་དང་སྲིད་ཇུས་ཡོད་ན་དེ་མ་ཐག་ནས་ཚགས་པར་དེ་སྲིད་གཞུང་གི་སྒོ་འགྲམ་དུ་སློབ་སྦྱོང་ལྡུམ་རྭ་བཟོས་ཏེ་སྦྱར་འགྲེམ་གྱིས་ཚང་མས་མཉམ་དུ་སློབ་སྦྱོང་བྱེད་བཅུག་ཀྱིན་ཡོད།ཤུལ་དུ་ལྷག་ཡོད་པའི་ཚགས་པར་རྣམས་གྲོས་ཚོགས་ཁང་ནང་དུ་བཞག་པའམ།ཡུལ་ཤོག་གི་སློབ་གྲྭ་དང་།སྨན་ཁང་གི་ལས་བྱེད་པ་ལ་བགོས་ཏེ་ཚང་མས་ལྟ་ཀློག་བྱེད་ཐུབ་པ་ཞིག་བཟོ་ཀྱིན་ཡོད།རྙིང་པར་གྱུར་པའི་ཚགས་པར་རྣམས་ཀྱིས་མེ་ཁ་བགོ་བྱེད་དང་།ཁང་པའི་ནང་སྦྱར་ཏེ་རླུང་འགོག་བྱེད་སོགས་འཚོ་བའི་ནང་སྤྱོད་ཀྱིན་ཡོད།

དུས་རབས་ཀྱི་འགྲོས་ཕྱོགས་དང་བསྟུན་ནས།དྲ་རྒྱ་ཞེས་པའི་ཐོན་རྫས་གསར་པ་ཞིག་བྱུང་ལ།དྲ་རྒྱ་འདི་ནི་ཁྱབ་འཇུག་གི་འཇུག་པ་བཅུ་ལས་འཇུག་པ་མང་ལ་ཁྱབ་ཆེ།སྤྱོད་སྒོ་ཆེ་ཞིང་སྟབས་བདེ་མོ་ཡིན་པ་འདི་ནི་དེའི་ཁྱད་ཆོས་གཙོ་བོ་ཡིན།བརྡ་འཕྲིན་གྱི་དུས་རབས་འདིས་མང་པོ་ཞིག་གི་ཚབ་བྱས་པས་མང་པོ་ཞིག་གི་སྤྱོད་སྒོ་ཇེ་ཆུང་དུ་བཏང་བས།ཚགས་པར་ཀྱང་དེའི་ཁོངས་སུ་ཡོད། དེང་སང་།ཚགས་པར་ཞེས་པ་ནི་གོང་རིམ་གྱིས་འཆར་འགོད་ལྟར་མ་ཉོས་ཐབས་མེད་ཀྱི་འོས་འགན་ཞིག་ཏུ་གྱུར།ལས་ཁུངས་ནང་དུ་ཚགས་པར་འབྱོར་རྗེས།སྒོ་རྒྱབ་བམ་སྐས་འོགཅོག་ཙེའི་འོག་ཏུ་གཡུགས་ཏེ་བལྟ་མཁན་མེད་པ་དང་།ལྟ་འདོད་པའི་མིའི་ལག་ཏུ་མི་འབྱོར་བའམ་འབྱོར་མི་ཐུབ་པ་ཞིག་ཏུ་གྱུར་ཟིན།ཚགས་པར་གྱི་བྱེད་ནུས་ཀྱང་གཙོ་བོ་ནི་བོད་ཀྱི་སྨན་པས་སྨན་ཐུམ་ས་དང་།ཤ་བསྲེགས་ཚོང་བས་ཤ་བསྲེགས་མ་འཐུམ་བྱེད།རྒྱན་པོ་འགྱེད་མཁན་གྱིས་ཅོག་ཙེ་འགེབ་བྱེད་ཙམ་ལས་གཞན་གྱི་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་མེད།བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་རྒྱུར།ལས་ཁུངས་ནང་གི་ལས་བྱེད་པ་ཕྱེད་ཀ་ཡན་གྱིས་ལོ་གཅིག་ལ་ཚགས་པར་ལ་ཐེངས་གཅིག་བལྟ་མ་མྱོང་བའི་གནས་ཚུལ་ཡོད་པར་གྲགས།དེ་ལྟར་དུས་དེབ་དང་ཚགས་པར་རྣམས་སྦྲགས་སྲིད་ལས་ཁུངས་ཀྱིས་ལས་ཁུངས་སོ་སོ་རུ་བསྐྱལ་རྗེས་གཏན་ནས་བཤིག་དཀྲོལ་མ་བྱས་པར་ཐུམ་བུ་བྱས་ནས་བཞག་ཡོད་པ་དང་།མཇུག་མཐར་ཅ་ལག་རྙིང་པ་བསྡུ་ཉོ་བྱེད་མཁན་གྱིས་རྒྱ་མ་གང་རེར་སྒོར་ཟུར་འགའ་སྟེར་ནས་ཉོ་འགྲོ་གིན་ཡོད།དེ་དག་ནི་དེང་སང་གི་ཚགས་པར་གྱི་བྱེད་ནུས་དང་ལས་དབང་རེད།

ང་ཚོས།ཚགས་པར་གྱི་ལས་དབང་འདི་སྤྱི་ཚོགས་ཐོག་ཇི་སྲིད་ཞིག་ལ་གནས་ཐུབ་ཐབས་ལ་འབད་དགོས།བལྟ་རིན་ཡོད་པའི་དོན་དངོས་ཀྱི་གསར་འགྱུར་དང་།མང་ཚོགས་དང་ཐད་གར་འབྲེལ་བ་ཡོད་པའི་དམངས་ཕན་གྱི་སྲིད་ཇུས་དང་བྱ་བ་བཟང་པོ་རྣམས་ནི་དོ་གལ་ཧ་ཅང་ཆེ།གསེར་དངུལ་ལས་མཛའ་བརྩེ་མཁོ་གལ་མི་ཆེ་བའི་སྤྱི་ཚོགས་འདི་ནས་མི་བཟང་དོན་བཟང་དྲིལ་བསྒྲགས་བྱེད་རྒྱུ་འདི་གལ་ཆེ་ལ་ཀློག་པ་པོས་དགའ་བསུའང་ཐོབ་ས་ཞིག་རེད།དེ་སྔོན་ཚགས་པར་མང་པོ་ཞིག་ནས་ལས་གནས་ཐོག་འབད་འབད་དུང་དུང་གིས་བྱ་བ་བསྒྲུབས་པའི་གཞུང་ཞབས་པ་དང་།སྨན་པ།དགེ་རྒན།ཉེན་རྟོག་པ།སྤྱིར་བཏང་གི་ལས་བྱེད་པ་དང་ལས་བཟོ་སོགས་ཀྱིས་མི་བཟང་དོན་བཟང་བསྒྲུབས་པ་ཡིས་བརྗོད་གཞི་བྱེད་པའི་གཏམ་གསར་མང་པོ་མཐོང་རྒྱུ་ཡོད།འོན་ཀྱང་།དེང་སང་མང་པོ་ཞིག་ཇེ་དཀོན་དུ་སོང་ཟིན་འདུག ངས་ལོ་མང་པོའི་ཚགས་པར་ལ་བལྟས་པའི་མྱོང་ཚོར་ཟབ་མོ་ཞིག་ནི།གསར་འགྱུར་གྱི་རྩོམ་འབྲི་བར་སྒྲོ་འདོགས་ཀྱིས་མི་བསླད་པ་དང་།སྙན་ངག་གིས་མི་བཅིངས་པ་འདི་གཉིས་གལ་ཆེན་ཞིག་ཏུ་སྣང་།དེའི་རྗེས་ནས་གོ་བརྡ་འཕྲོད་ཐུབ་པའི་ཡིག་སྒྱུར་དང་ཡིག་ནོར་མི་འབྲི་བ་འདི་གཉིས་ཀྱང་གལ་ཆེན་ཡིན་པ་སྙམ།


  • ལེ་ཚན་སྔོན་མ།:གསེར་གྱི་རྣ་ལོང་།
  • ལེ་ཚན་རྗེས་མ།:ལོ་མ་ཐེད་པོ།