ལོ་མ་ཐེད་པོ།

ཡེ་ཤེས་འཕྲིན་ལས།        2019-06-26

འཁྱགས་སིབ་སིབ་ཀྱི་དུར་ས་ན།ལྗིད་ཏིག་ཏིག་གི་གཞས་དབྱངས་དཀྲོལ་བའི་བགྲེས་སོང་གྱོལ་བོ་ཞིག ངོ་གདོང་གཉེར་མས་བཀབ་ནས་ན་ཆུང་སྐབས་ཀྱི་ལང་ཚོ་ཕྱི་དྲན་དུ་གྱུར།ཕོ་བརྗིད་ཉམས་ལྡན་ཚུལ་གནའ་དཔེར་ཆགས།བགྲེས་སོང་གྱོལ་བོ་དེ་ཕལ་ཆེར་སེམས་སྡུག་པ་འདྲ།སྐྲ་གཟེངས།ལུས་ཀྱི་གོས་ཡང་ཆ་ཚང་ཞིག་མི་འདུག ཕ་རོལ་གྱི་རྡོ་ཕ་བོང་གི་འགྲམ་ན།ཀེང་རུས་དཀར་པོ་དེའི་ཟུར་ན།མེ་ཏོག་ཁྲ་ལམ་མེ་ཞིག་སྐྱེས་འདུག ལྟ་ན་སྡུག་པ།སྣོམ་ན་ཞིམ་པ།ཡིན་ན་ཡང་།མི་སུས་ཀྱང་དེ་ལ་མཛེས་སྣང་དང་ཞིམ་སྣང་གང་ཡང་མི་འདུག མེ་ཏོག་གླིང་གའི་མེ་ཏོག་དང་ཀེང་རུས་དཀར་པོའི་ཟུར་གྱི་མེ་ཏོག་ལ་ཁྱད་པ་གང་ཡང་མི་འདུག ཅིའི་ཕྱིར་ན།ཁྱད་པ་ཆེན་པོ་ཡོད།

སྨག་ནག་གིས་འཚེམ་པའི་མཚན་མོའི་ཁོར་ཡུག འཇིགས་ཡེར་ཡེར།སྟོང་སངས་སངས།གློ་བུར་དུ།ཤེས་པ་ཡན་པོ་ཞིག་འཆི་བདག་གིས་ཁྲིད་ནས་སོང་བ་ལྟ་བུའི་སྣང་བ་འབྱུང་།མཚན་མོའི་ཀློང་གི་གྲིབ་མ་ལ་ཡང་ཞེ་མེར།རབ་བེ་རིབ་བེའི་མཚན་མོའི་མྱ་ངན་གྱི་མདངས་ལ་ཡང་སུན།

འདི་ལྟ་བུའི་ངང་ནས།ཁོ་བོ་རང་ཉིད་གཅིག་པུའམ་རྣམ་གཡེང་གིས་མ་གོས་པའི་རང་ལ་དུངས།རང་ལ་ཞེན།བསླད་དམ་རྫས་ངན་གྱིས་མ་སྦགས་པའི་མཚན་མོའི་སྤང་ལྗོངས་ལ་ཆགས།དུར་ས་ནས་རླུང་གིས་སྤུར་ཡོང་བའི་ལོ་མ་ཐེད་པོ།འཚུབ་མའི་ནང་ལ་འཕུར་ནས་ས་ལ་ལྷུང་དཀའ།ཧྲལ་ཧྲུལ་གྱིས་བསླེས་པའི་ལོ་མ།ཀེང་རུས་དཀར་པོའི་བྲང་གཞུང་དུ་ཙོག རང་ལ་དུངས་ཤིང་ཞེན་པའི་ཁོ་བོ་རི་བོ་ཅལ་འདྲོགས་བྱས་ནས་ལོ་མ་ཐེད་པོའི་རྗེས་གཤར་ནས།རི་ལུང་མང་པོ་ཞིག་བརྒལ།ཐང་ཆད་ནས་རི་རྐེད་ཅིག་ཏུ་སྐྱིལ་ཀྲུང་བཅས་ནས།འཇིག་རྟེན་རྒུད་པ་ཇི་སྙེད་པ།དེ་ཡི་རྩ་བ་མ་རིག་སྟེ།གང་ཞིག་མཐོང་བས་དེ་ལྡོག་པ།རྟེན་ཅིང་འབྲེལ་བ་འབྱུང་བར་གསུངས་ཞེས་རྗེ་ཙོང་ཁ་པའི་རྟེན་འབྲེལ་བསྟོད་པའི་ཚིག་རྣམས་བཟླས་ཏེ།སྔོན་བྱོན་དམ་པའི་རྣམ་ཐར་དྲན་ནས་ཅི་ཡིན་ན་སེམས།དགེ་ཆོས་ཀྱིས་བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས།ཐོབ་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པས།འཕྲལ་སྣང་བདེ་བའི་གནས་སྐབས་རྨི་ལམ་ཙམ་སོང་རྗེས།ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣང་རེ་འདུག་གོ་ཞེས་གསུངས།ཚིག་དེ་རྣམས་སྐྱོར་ཏེ་ཕ་བོང་འགྲམ་གྱི་ཀེང་རུས།ཀེང་རུས་དཀར་པོའི་ཟུར་གྱི་མེ་ཏོག་ཉག་གཅིག་དེ་བློར་ཤར་ནས།གཤིན་རྗེས་འདེབས་པའི་ས་བོན་ཨེ་ཡིན་ན་སྙམ།

སྨག་ནག་གི་མཚན་མོ་འདི་དག་གི་རིང་ལ་བསམ་བློ་མང་པོ་ཞིག་གཏང་དགོས་བྱུང་། དབང་མེད་པས་གཏང་དགོས་བྱུང་། བསམ་བློ་དེའི་ནང་དུ་བྱིང་ནས་རྒྱང་དུ་སྤུར་བའི་ལོ་མ་ཐེད་པོ་དེ་ཡང་བརྗེད་སོང་།

སྨག་ནག་གི་མཚན་མོའི་ཀློང་ན་སྙན་ངག་མཁན་གྱིས་རྒྱུན་དུ་སྤྱད་པའི་ཚིག་རྣམས་བསྐྱར་ཏེ།རྒྱང་དུ་སྤུར་བའི་ལོ་མ་ཐེད་པོར་རྗེས་དྲན་དང་མྱ་ངན་ཞུས།ཟུར་གྱི་ཀེང་རུས་དཀར་པོའི་མེ་ཏོག་ཉག་གཅིག་ལ་ཆུ་ལྡུག དངན་པ་ཞིག་འཐེན་ཏེ།གན་རྐྱལ་དུ་ཀེང་རུས་ཀྱི་འགྲམ་དུ་ཉལ་ནས་གཉིད་སོང་།།


  • ལེ་ཚན་སྔོན་མ།:ཚགས་པར་གྱི་གནའ་དང་དེང་།
  • ལེ་ཚན་རྗེས་མ།:ཨ་ཅེའི་འཛུམ་བག་ཡལ་རྗེས་ཀྱི་ནམ་ཟླ།