གསེར་གྱི་རྣ་ལོང་།

གཅན་གླག་མིག        2019-06-21

“རྒད་པོ། ངའི་གསེར་གྱི་རྣ་ལོང་དེ་ཨེ་རིག” འབྲུག་མོས་མཛོད་ཁང་དུ་སྒམ་ཞིག་ཕར་སློག་ཚུར་སློག་བྱེད་ཀྱིན་དེ་ལྟར་དྲིས།

“མ་རིག ཅི་བྱེད། གློ་བུར་དུ་རྣ་ལོང་དྲིས་ནས་གནས་ལ་འགྲོ་འདོད་དམ།” མགོན་པོས་དུ་བ་རྔམ་འཐེན་ཞིག་བྱས་ནས་དེ་ལྟར་བཤད།

འབྲུག་མོའི་གདོང་ལ་འཛུམ་ཤིག་ལངས་ནས། “རྒད་པོ་འདི་ད། ཁྱིམ་མཚེས་ཚང་གི་བུ་མོ་སང་ཉིན་སློབ་གྲོགས་ཀྱི་གཉེན་སྟོན་ལ་འགྲོ་དགོས་པས། གཟའ་འཁོར་སྔོན་མར་ཁྱིམ་མཚེས་ཚང་གི་ཚེ་སྒྲོན་འུ་ཚང་ལ་ཡོང་ནས་རྣ་ལོང་གཡོར་དང་ཟེར། དེ་དུས་ངས་ཁས་བླངས་ཟིན། འོན་ཀྱང་རྣ་ལོང་མི་རྙེད་ཀི ལོ་གསར་གྱི་རྗེས་ནས་ངས་རྣ་ལོང་ལ་ཐུག་མ་མྱོང་། ལྡེ་མིག་ཀྱང་བོར་མ་མྱོང་། ཡ་མཚན།”ཞེས་བཤད་པ་དང་ཆབས་ཅིག མགོན་པོ་ཅུང་དོགས་མི་བདེ་བར་གྱུར་ཏེ། “ཧ་ཧ་ཧ། ཀུ་རེ་ཡིན།”ཞེས་བཤད་ཞོར་དུ་མཛོད་ཁང་ནས་སྒོར་བུད་དེ་མགྲོན་ཁང་དུ་ཇ་འཐུང་བཞིན་བསྡད།

གློ་བུར་དུ་གནམ་ནས་འབྲུག་སྒྲ་ལྡི་རི་རི་གྲགས་ཤིང་ཆར་བ་ཤག་ཤག་ཏུ་བབས་པ་དང་སྦྲགས། མགོན་པོའི་ལག་གི་ཇ་ཕོར་འབྲུག་མགོ་ཅན་དེ་ཐང་ལ་ལྷུང་ནས་དུམ་བུ་བཞི་རུ་བཏང་སོང་། འབྲུག་མོས་གནས་ཚུལ་དེ་མཐོང་རྗེས། མྱུར་མོར་མགྲོན་ཁང་དུ་སོང་ནས། “རྒད་པོ། ཁྱོད་དེ་རིང་རྒྱུན་ལྡན་ཞིག་མ་རེད། ཁྱོད་ཀྱིས་དོན་དག་ཞིག་ང་ལ་གསང་ཡོད་གི་པཱ། གལ་ཏེ་གསང་ཡོད་ན་ཤོད་དང་། བཟའ་ཟླ་གཉིས་ཀྱིས་ཐག་གཅོད་བྱེད་མི་ཐུབ་པ་ཞིག་གང་ན་ཡོད”ཅེས་བཤད་ཞོར་དུ་ཇ་ཕོར་སོ་མ་ཞིག་གི་ནང་དུ་འོ་ཇ་བླུགས་ནས་མགོན་པོའི་ལག་ཏུ་བཞག་པ་དང་། དེ་ནས་ཐང་གི“ཇ་ཕོར”དེ་སྙིགས་གཞོང་དུ་འཕངས་ནས་སྲང་གི་སྙིགས་སྒམ་ནང་དུ་གཤོ་རུ་སོང་།

མགོན་པོས་ཆུང་མའི་སྐད་ཆ་ལ་ཉན་རྗེས། ཇ་ཕོར་དེ་གློ་བུར་དུ་ལྗིད་ཏིག་ཏིག་ཏུ་གྱུར་ཏེ་རང་གི་ལག་ཟུང་གིས་མི་ཐེག་པའི་ཚོར་སྣང་ཞིག་གིས་ལུས་ཡོངས་ཚ་ལམ་ལམ་དུ་བཏང་།

ཁོས་ཡང་བསྐྱར་དུ་བ་རྐང་གཅིག་ལ་མེ་བསྒྲོན་དུས། ཁྱིམ་མཚེས་ཚང་གི་བུ་མོ་ཚེ་སྒྲོན་འཛུམ་དམུལ་དམུལ་གྱིས་ཁོའི་མདུན་དུ་ལངས་འདུག

ཚེ་སྒྲོན་མཐོང་མ་ཐག མགོན་པོའི་སེམས་པ་སྔར་ལས་ལྗིད་ཏིག་ཏིག་ཏུ་གྱུར་ཅིང་། ཅི་ཞིག་བཤད་དགོས་པའང་མ་ཤེས་པར་ཚེ་སྒྲོན་གྱི་གདོང་ལ་ཅེར་ནས་བསྡད།

ཚེ་སྒྲོན་ཅུང་དོགས་མ་བདེ་བར། ལུས་སྒུར་སྒུར་ཙམ་བྱས་ཏེ། “ཨ་ཁུ་མགོན་པོ། ཨ་ནེ་ཡུལ་ན་ཨེ་ཡོད་ཀི ཨ་ནེ་གཡུ་སྒྲོན་གྱིས་དུས་ཚོད་ལྔའི་སྟེང་གསེར་གྱི་རྣ་ལོང་ལེན་དུ་ཤོག་ཟེར།”ཞེས་བཤད་ཀྱིན་ཡར་བལྟ་མར་བལྟ་བྱས་ཀྱང་ཨ་ནེ་འབྲུག་མོའི་གྲིབ་མ་ཙམ་ཡང་མ་མཐོང་།

མགོན་པོས་འཚབ་འཚུབ་ཀྱི་ངང་ནས་དུ་བ་ཐང་ལ་བཞག་སྟེ། “ཡ། ཚེ་སྒྲོན། བདེ་བླག་ངང་སློབ་མཐར་ཕྱིན་པར་རྟེན་འབྲེལ་ཞུ། དེར་ཤོག་ནས་སྡོད་དང་། ཨ་ནེ་འབྲུག་མོ་གད་སྙིགས་གཤོ་རུ་བུད་ཐལ། ད་ཐོན་ལ་ཡོད།”ཅེས་བཤད་ཀྱིན་འདང་རྒྱག་གི་ཀློང་དུ་ཚུད།

སྐབས་དེར་འབྲུག་མོས་སྙིགས་གཞོང་འཁྱེར་ནས་ཁྱིམ་ལ་འབྱོར་ཅིང་། ཚེ་སྒྲོན་གྱིས་རེ་བའི་མིག་ཟུང་ཆེས་ཆེར་བགྲད་དེ་མོའི་ཕྱོགས་སུ་ཅེར་འདུག་པ་མཐོང་དུས། སེམས་ཀྱི་གཏིང་རིམ་ནས་སྨྲ་མི་ཤེས་པའི་ན་ཟུག་ཅིག་རླབས་ལྟར་རྩེན་ཞིང་། རང་གིས་ཁྱིམ་གྱི་གནས་ཚུལ་གསལ་བོར་མ་ཤེས་པར་ཁྱིམ་མཚེས་ལ་དོན་དག་ཁས་བླངས་པར་ལེ་བདའ་རྟས་མི་ཟིན་པ་བྱེད་ཀྱིན། “ཚེ་སྒྲོན། རྣ་ལོང་ལེན་དུ་ཡོང་བ་ཡིན་ནམ།”ཞེས་འདྲི་ཞོར། འོ་མ་ཇ་ཕོར་གང་བླུགས་ནས་ཚེ་སྒྲོན་གྱི་ལག་ཏུ་སྤྲད། ཚེ་སྒྲོན་གྱིས་འཛུམ་མདངས་ཤིག་ཤིག་གིས། “ཡིན་ལགས། སང་ཉིན་ང་རང་གྲོགས་མོའི་གཉེན་སྟོན་ལ་ཞུགས་དགོས། སློབ་གྲོགས་ཚང་མས་བོད་ལྭ་གྱོན་ནས་ཡོང་རྒྱུའི་གྲོས་བྱས་ཡོད་པས། ཨ་མས་སང་ཉིན་བོད་ལྭའི་སྟེང་དུ་གསེར་གྱི་རྣ་ལོང་མ་བཏགས་ན་སློབ་གྲོགས་ཚོའི་མདུན་ནས་མགོ་ཡར་འཇོག་ཚུལ་མེད་ཟེར།”ཞེས་བཤད་ཀྱིན་གདོང་ལ་འུ་ཐུག་ཐབས་ཟད་ཀྱི་ཉམས་ཤིག་ཤར་འདུག་སྟབས། འབྲུག་མོའི་མིག་ཟུང་དེ་མུར་མགོན་པོར་ཕྱོགས་ནས་ཁྱོ་ཀས་བུ་མོ་ཚེ་སྒྲོན་ལ་སེམས་གསོའི་སྐད་ཆ་རེ་ཨེ་བཤད་ལ་བསྒུགས་མོད། ཡིན་ནའང་མགོན་པོས་མ་ཤེས་མ་གོ་བའི་ཟོལ་གྱིས་ཇ་འཐུང་བ་དང་དུ་བ་འཐེན་པ་ལས་གཏམ་ཅི་ཡང་མ་སྨྲས།

མགོན་པོའི་དུ་བ་འཐེན་ཚུལ་དང་ཇ་འཐུང་ཚུལ་ལས། འབྲུག་མོས་དོན་དག་ཅིག་གཞི་ནས་རྟོགས་སོང་བ་ལྟར། “སྤྱིར་ན་དོན་དག་འདི་གཞན་ལ་གསང་རྩིས་ཡོད་མོད། ཁྱོད་རང་གཞན་མི་མིན་པས་ཁྱོད་ལ་གསང་དོན་མེད། ཟླ་སྔོན་མར་ཨ་ལགས་ཚང་རྒྱ་གར་ནས་ལོག་རྒྱུའི་བརྡ་འབྱོར་འཕྲལ། སྡེ་མི་ཡོངས་ནས་སྒོར་ཁྲི་གསུམ་རེ་བསྡུས་ནས་དགོན་པ་བསྐྱར་གསོ་བྱ་རྒྱུའི་གྲོས་འཆམ་བྱུང་བ་དང་། ངེད་ཚང་གིས་ཆ་བསྡུ་ཡ་བསྡུ་བྱས་མཐར་སྒོར་ཁྲི་གཉིས་དང་སྟོང་འགའ་ལས་མ་འདུས་པས། ངེད་གཉིས་ཀྱིས་ཁ་སང་གསེར་གྱི་རྣ་ལོང་འཁྱེར་ནས་གྲོང་རྡལ་གྱི་ཁ་ཆེ་བ་དེར་བཙོངས་ཟིན།"ཞེས་བཤད་ཀྱིན་ཚེ་སྒྲོན་གྱི་གམ་དུ་བསྡད་ཅིང་། རང་དབང་མེད་པར་རང་གི་རྣ་བར་བྱིལ་བྱིལ་འགའ་བྱས། སྐད་ཆ་དེས་ཚེ་སྒྲོན་གྱི་རེ་སྒུག་གི་མེ་དཔུང་ལ་ཆུ་འཁྱག་དམ་བེ་གང་བླུགས་པས། དུས་ཚོད་སྐད་ཅིག་མ་དེར། མོའི་གདོང་གི་འཛུམ་མདངས་གར་སོང་ཆ་མེད་དུ་གྱུར་ཅིང་། སྟོབས་ཤུགས་ཡོད་དགུ་བཏོན་ནས། “མི་སྐྱོན་གི ངས་ཀྱང་གསེར་གྱི་རྣ་ལོང་བཏགས་ན་གཞན་གྱིས་སྐད་ཆ་སྣ་མང་བཤད་སྲིད་སྙམ་ནས་ཨ་མར་ཡང་ཡང་བཤད་ཀྱང་ངའི་ཁར་མི་ཉན་གི”ཞེས་བཤད་ཀྱིན་ཡུལ་ལ་ལོག

འབྲུག་མོས་ཚེ་སྒྲོན་སྒོར་བསྐྱལ་ནས་ཕྱིར་མགྲོན་ཁང་དུ་ལོག་རྗེས། གྲག་འགུལ་ཅི་ཡང་མེད་པར་ངོ་ཤོར་ནས་མགོན་པོའི་ཕྱོགས་སུ་བལྟས་ནས་བསྡད། སྤྱིར་བཏང་ལྟར་ན་འདི་ནི་འབྲུག་མོས་རང་ཉིད་ཁོང་ཁྲོ་ལངས་ཡོད་པ་སྟོན་པ་ཡིན་པས། མགོན་པོའི་སེམས་པ་ལྷོད་ལ་འབབ་མ་ཐུབ་པར་དུ་བ་བསྟུད་མར་རྔམ་འཐེན་བྱས།

ཡུད་ཙམ་འགོར་རྗེས། མགོན་པོས་ཆུང་མའི་ལག་པར་འཇུས་ནས། “ངས་ད་བར་དུ་ཁྱོད་ལ་སྐྱིད་ཅེས་པའི་མིང་ཚིག་དེའི་བྲོ་བ་ལོངས་སྤྱོད་བྱེད་དུ་བཅུག་མ་མྱོང་། དེ་ནི་ངའི་མི་ཚེའི་འགྱོད་གདུང་ཆེ་ཤོས་ཡིན། ཤོབ་ཀྱང་གཏམ་ན་མི་འདོད། གསེར་གྱི་རྣ་ལོང་གང་དུ་བུད་སོང་བ་ཁྱོད་ཀྱིས་ཚེ་སྒྲོན་ལ་བཤད་པ་དང་ཨ་ན་མ་ན་རེད། རྣ་ལོང་འཚོང་དང་མི་འཚོང་ལ་ངས་འདང་མང་པོ་བརྒྱབ་མྱོང་། འོན་ཀྱང་རྣ་ལུང་གསེར་དངུལ་ཟངས་ལྕགས་གང་ཡིན་ཡང་འུ་ཚང་གི་འཁོས་ཀ་ཞན་པ་ལྡོག་ཏུ་མེད་ཅིང་། དགོན་པ་བསྐྱར་བཞེངས་མ་བྱས་ན་ཁྱིམ་མཚེས་སྡེ་བའི་སྔུན་ནས་ཀྱང་ངོ་ཚ་ཆེ་བར་འདུག་པ་དང་། སྒོས་སུ་དགེ་བའི་ལས་ཀྱི་སྔུན་ནས་སྡེ་མི་ཡོངས་ལས་སྒོར་སྟོང་འགའ་ཡིས་དམའ་ན་དངོས་གནས་མི་འོས་པར་བསམ་ནས་གསེར་གྱི་རྣ་ལོང་གཞན་ལ་བཙོངས་ཟིན། གསེར་གྱི་རྣ་ལོང་བཙོངས་པའི་སྒོར་མོ་ཆད་ལྷག་མེད་པར་དགེ་བའི་ཕྱོགས་སུ་སྤྱད་པ་ཡིན་པས། ཁྱོད་ཀྱིས་ང་ལ་ལེ་བདའ་བྱེད་མི་རུང་། ལྷག་ཏུ་འགྱོད་པ་སྐྱེ་མི་རུང་། སང་ལོའི་ལོ་སར་གྱི་སྔོན་ལ་ངས་ཁྱོད་ལ་གསེར་གྱི་རྣ་ལོང་ཞིག་ཉོ་ཁོག་ཐག་ཡིན།”ཞེས་བཤད་ཀྱིན་ཆུང་མའི་ལག་ཟུང་ལ་བྱིལ་བྱིལ་ལན་འགའ་བྱས།

འདི་ནི་མགོན་པོས་ཐོག་དང་པོར་ཆུང་མར་ཤོབ་གཏམ་པ་ཡིན་ཏེ། དོན་དུ་གསེར་གྱི་རྣ་ལོང་བཙོངས་པའི་སྒོར་མོ་ཚང་མ་སྡེ་བའི་ནང་གི་མགོན་མེད་སྐྱབས་མེད་དུ་ལུས་པའི་ཨ་ཡེ་ཀླུ་མོ་འཚོ་ལ་བྱིན་པ་རེད།།


  • ལེ་ཚན་སྔོན་མ།:ངའི་རྣམ་ཤེས་ཀྱི་བདག་མོ།
  • ལེ་ཚན་རྗེས་མ།:ཚགས་པར་གྱི་གནའ་དང་དེང་།