ངའི་རྣམ་ཤེས་ཀྱི་བདག་མོ།

སྐྱིད་པོ།        2019-06-19

ཟླུམ་གཟུགས་ཀྱི་གོ་ལའི་ཁྱོན་འདིར་ངའི་ཚེ་སྲོག་གི་ཐོག་མའི་འབྱུང་ཁུངས་ནི་རླབས་ཆེན་གྱི་སྐྱེད་མ་ཁྱེད་ཡིན་ལ། ང་རང་གཉོམ་ལག་མ་རྒྱས་པའི་བྱིས་དུས་སུ་ཁྱེད་ཀྱི་ནུ་ཞོ་མངར་མོ་ནི་གུས་མོ་ངའི་ཉིན་གཅིག་གི་འཚོ་རྟེན་ཡིན། བུ་མོ་ངའི་ངུ་ངག་ཐོག་མ་ཁྱེད་ཀྱི་པང་ནས་ཤོར་ལ། དགོད་སྒྲ་ཐོག་མའང་ཁྱེད་ཀྱི་པང་ནས་ཤོར།

མདང་ནུབ། དཀར་གསལ་གྱི་ཆུ་ཤེལ་དབང་པོ་ཤར་ནས་དལ་གྱིས་འཕགས་ཤིང་། བགྲང་འདས་ཀྱི་སྐར་ཚོགས་མཁའ་ན་འཛུམ། གྲོགས་མོ་ཚོ་སྔ་མོ་ནས་གཉིད་དུ་ཡུར་བའི་ཤུལ་དུ་ཉལ་ཁང་གི་ཕྱི་ནང་ཀུན་ན་ལུས་པའི་ཁེར་རྐྱང་དང་ལྷིང་འཇགས་ཀྱི་མཁའ་དབུགས་སྟུག་པོས་ཁོ་མོར་ཕྱིར་དྲན་ལ་བརྒྱུས་པའི་གདུང་སེམས་དང་ཡུན་རིང་འཐབ་ཏུ་བཅུག་ཀྱང་། ཨ་མ་ལགས། འཚོ་བའི་ཕམ་ཁ་ལ་མི་སྐྲག་པའི་བུ་མོ་ངས་ཁྱེད་རང་དྲན་པ་ལས་གཞན་ཅི་ཡང་མི་བསམ། ཁྱེད་ཀྱི་དཀར་གསལ་ཟླ་བ་ལྟ་བུའི་ཞལ་རས་དང་། ཙ་རིའི་སྨྱུག་མ་འདྲ་བའི་སྐུ་གཟུགས། ཕྲག་པར་དཔྱངས་པའི་གནག་སྣུམ་གྱི་སྐྲ་ལོ་སོགས་ཁོ་མོའི་དྲན་ལམ་གྱི་མཚོ་མོའི་ངོས་སུ་གསལ་ལེར་དྲན་བྱུང་།

ངའི་མགོན་སྐྱབས། མ་ཡུམ་ལགས། ཁྱེད་ནི་དལ་བཞུར་གྱི་གཙང་བོ་ཞིག་སྟེ། རི་རབ་ལྟ་བུའི་དཀའ་ཁག་གི་གྲོག་རོང་བཅད་ནས་ནམ་ཡིན་ཡང་ཆེས་དམའ་ས་དམའ་ས་ཞིག་སྙེག་ནས་འགྲོ་ཞིང་། བུ་ཕྲུག་དང་ཁྱིམ་ཚང་གི་ཆེད་དུ་ཉིན་བཞུར་མཚན་བཞུར་ལ་བྲེལ་བཞིན་ཡོད། མ་ཡུམ་ལགས། ངའི་སྙིང་ཚིལ་འཕག་འཕག་ཏུ་འདར་ཞིང་སྙིང་ཁྲག་ལྷོག་ལྷོག་ཏུ་འཕྱུར་ན་ཡང་། གལ་ཏེ་ཁྱེད་མེད་ན་ང་ལ་མི་ཚེ་ཡི་ཁ་ཕྱོགས་ཤིག་གང་ན་ཡོད། ཨ་མ་ལགས། ཁྱེད་ནི་ཕྱིང་བལ་ལེབ་མོ་ཞིག་སྟེ། ནམ་ཡང་ཞི་འཇམ་གྱི་རང་བཞིན་ལ་དྲོད་ཁོལ་གྱི་བྱམས་བརྩེ་འཁྱིལ་ཞིང་། ནམ་ཡང་འཛུམ་དམུལ་ལེར་དཀའ་ངལ་ཚང་མ་ཁྱད་བསད་བྱས། ཁྱེད་ལ་ནམ་མཁའ་ལྟ་བུའི་བློ་རྒྱ་ཡོད་པས་ཁྱེད་ནི་འཇིག་རྟེན་གྱི་བདག་མོ་ཡིན། མ་ཡུམ་ལགས། གུས་མོ་ངས་ཁྱེད་ཀྱི་ཁ་ལེན་ཚིག་བརྩི་དང་བདག་ལ་བཅོལ་བའི་རེ་ལྟོས་སེམས་སུ་ཉར་ཏེ་ཤེས་རིག་གི་རྟ་ཕོར་བརྩོན་འགྲུས་ཀྱི་ལྕག་གིས་སྐུལ་བཞིན་ཤེས་བྱའི་ཐང་ཆེན་རིམ་གྱིས་བརྒལ་ཏེ་ཁྱེད་ཀྱི་རེ་བ་འགྲུབ་པར་བྱ་ངེས།

མ་ཡུམ་ལགས། ད་ལྟ་ཁོ་མོས་རང་ཡུལ་རྒྱབ་ཏུ་བསྐྱུར་ནས་རང་འཁྲིའི་ལས་ལ་བརྩོན་པའི་དུས་འདིར་མ་ཡུམ་ཁྱེད་རང་དྲན་པའི་འདུན་པ་ནི་རྟ་ཕོ་གཤོག་ཐོགས་ཇི་བཞིན་ནམ་ཡང་ཁྱེད་ཀྱི་གམ་དུ་ཤོར་འགྲོ། ཨ་མ་ལགས། དུས་ཚོད་ནི་རི་གཟར་གྱི་རྦབ་རྡོ་ཇི་བཞིན་ཡིད་ཙམ་ཞིག་ལ་སྐུ་ཉིད་ཀྱི་གཟུགས་པོ་གོག་པོར་སྣང་ཞིང་དབུ་སྐྲ་ཡང་དཀར་པོར་གྱུར་ལ། གདོང་ལ་ཡང་གཉེར་མ་ཁ་ཤས་བབས་འདུག ཡིན་ནའང་། ཁྱེད་ཀྱིས་གནང་བའི་ནམ་མཁའ་ལས་ཡངས་ཤིང་རྒྱ་མཚོ་ལས་ཟབ་པའི་ཡོད་ཚད་ཀྱི་ཡོད་ཚད་ནི་བདག་གི་སེམས་ལ་རྡོ་ལ་རི་མོ་བརྐོས་པ་ལྟར་བཟུང་ཡོད། འཇིག་རྟེན་གྱི་ཁ་དཔེ་ལའང“སྔ་དྲོ་ཕ་མར་རེ། ཕྱི་དྲོ་བུ་ཕྲུག་ལ་རེ”ཟེར་བ་ལྟར་བདག་གིས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ཁྱེད་ཀྱི་དྲིན་ལན་འཇལ་ཐུབ་པ་བྱ་ངེས་ཡིན།

ཨ་མ་ལགས། གལ་ཏེ་ང་ནི་ཉ་ཆུང་གསེར་མིག་ཅིག་ཡིན་ན། ཁྱེད་ནི་དྭངས་གཙང་གི་ཆུ་མོ་དེ་ཡིན། ཆུ་མོ་མེད་ན་ཉ་མོ་ཇི་ལྟར་འཚོ། གལ་ཏེ་ང་རང་ལྷབ་ལྷུབ་ཏུ་བསྐྱོད་པའི་དར་ལྕོག་ཅིག་ཡིན་ན། ཁྱེད་ནི་བསིལ་འཇམ་གྱི་རླུང་བུ་དེ་ཡིན། རླུང་བུ་མེད་ན་དར་ལྕོག་ཇི་ལྟར་གཡོ། གལ་ཏེ་ང་རང་ཐགས་ཟིན་པའི་སྣམ་བུ་ཞིག་ཡིན་ན། ཁྱེད་ནི་འཐག་ཁྲི་དེ་ཡིན། འཐག་ཁྲི་མེད་ན་སྣམ་བུ་ཇི་ལྟར་འཐག མ་ཡུམ་ལགས། གལ་ཏེ་ཁྱེད་མེད་ན་ང་ནི་གཤོག་པ་མེད་པའི་བྱིའུ་བཞིན་འགྱུར་བས། ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ལགས།

ངའི་རྣམ་ཤེས་ཀྱི་བདག་མོ། ཁྱེད་ནི་ངའི་ཚེ་སྲོག་གི་འབྱུང་རྩ་དང་། གསོ་སྐྱོང་གི་བྱེད་པོ། བསླབ་བྱ་ཡི་དྭངས་མ་ཡིན། ཁྱེད་ཀྱི་ལུས་དྲོད་ཀྱི་ཚ་བས་ང་ཡི་གྲང་ངར་བཅོམ་ལ། ཁྱེད་ཀྱི་ཞིམ་མངར་གྱི་འོ་མས་བདག་གི་སྐོམ་པ་སེལ། ཁྱེད་ཀྱི་བྱམས་བརྩེ་དང་ཐུགས་ཁུར་འོག་ད་གཟོད་ཁོ་མོ་ནེའུ་སྙིམ་པ་གང་ནས་འཚར་ལོངས་བྱུང་ལ། ཁྱེད་ཀྱི་ཁ་ཏ་དང་བསླབ་བྱའི་བདུད་རྩི་ཡིས་ཁོ་མོ་ད་གཟོད་ཀྱ་ཙེ་གོམ་ཙེ་འགྲོ་ཤེས་པ་ནས་རང་ཉིད་ཀྱི་ཕུགས་བསམ་སྙེག་པའི་ལམ་སྟོན་མཛད། མཐར་ངས་ལག་ཟུང་གི་སྙིམ་པ་བྲང་ཁར་སྦྱར་ཏེ་ཁྱེད་དུས་ནམ་ཡིན་ཡང་། གནས་གང་དུ་ཆས་ཀྱང་། ས་གང་དུ་བསྡད་ཀྱང་སྐུ་གཟུགས་གསལ་ཐང་དང་ཚེ་རིང་ལོ་བརྒྱ་ཡོང་བའི་སྨོན་ལམ་འདེབས།།


  • ལེ་ཚན་སྔོན་མ།:བཀའ་དྲིན།
  • ལེ་ཚན་རྗེས་མ།:གསེར་གྱི་རྣ་ལོང་།