བཀའ་དྲིན།

བུ་མོ་བསམ་མེད།        2019-06-19

གཞན་ཕན་གྱི་ལྷག་བསམ་དཀར་ཞིང་། ཐུགས་དགོངས་རྒྱ་མཚོ་ལས་ཟབ་ལ། མཁའ་དབྱིངས་ཀྱི་རྟ་བདུན་དབང་པོ་ཇི་བཞིན་ཤེས་རིག་གི་སྣང་བས་རྨོངས་པའི་མུན་པ་སེལ་ཞིང་འོད་མདངས་དང་གསལ་སྣང་སྦྱིན་མཁན་ནི་ཁྱེད་ཡིན་སྲིད། དགེ་བའི་བཤེས་གཉེན་ལགས།

བཤེས་གཉེན་ལགས། གལ་ཏེ་ང་རང་སྙན་ངག་གི་དབང་འབྱོར་ཞིང་ཡིད་འགྱུར་གྱི་ཚོར་བ་རྣོ་བའི་སྙན་ངག་པ་ཞིག་ཡིན་ཚེ། ངས་ཁྱེད་ཀྱི་ཕན་སེམས་ཀྱི་ལས་དོན་མཆོག་གྱུར་དང་། མུ་མེད་མཁའ་དབྱིངས་ན་ཐོ་རེངས་སྐར་ཆེན་བཞིན་རྔུལ་ཆུའི་ཐིགས་ཕྲེང་གིས་བསགས་པའི་དཀའ་བ་དང་། གདམས་ངག་རླབས་ཕྲེང་ལྟ་བུའི་བཀའ་སློབ་དེ་དག་ངས་རྣ་བར་སྙན་ཞིང་ཡིད་ལ་འཇགས་པའི་ཚིག་ཕྲེང་རེ་རེས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་ཁྱེད་ཀྱི་མགུལ་ལ་སྒྲོན་འདོད།

བཤེས་གཉེན་ལགས། གལ་ཏེ་ང་རང་ལང་ཚོའི་སྒྲ་དབྱངས་ཀྱིས་དྲི་ཟའི་གླུ་ལའང་ངོ་ཚ་སྟེར་བའི་གཞས་མ་ཞིག་ཡིན་ཚེ། ངས་དུས་ནམ་ཡང་སྐུ་ཉིད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་། ཉམས་པ་མེད་པའི་སྤོབས་པ། ལྷག་བསམ་ཟོལ་མེད་ཀྱི་རང་གཤིས་དེ་དག་ཕྲེང་པ་ལྟར་གཞས་ཚིག་གི་ངག་ལ་བཀོད་དེ་སིངསིང་གི་གཞས་དབྱངས་སྙན་མོ་ཞིག་ཀྱང་ཁྱེད་ལ་གཏོང་སྲིད།

བཤེས་གཉེན་ལགས། གལ་ཏེ་ང་རང་འཁྲབ་སྟོན་པ་ཞིག་ཡིན་ཚེ། ངས་ཁྱེད་ཀྱི་གསོན་ཉམས་ལྡན་ཞིང་། ཉམས་འགྱུར་གྱིས་ཕྱུག་ལ། དཔའ་གདེང་ཆེ་བའི་འཚོ་བ་རེ་རེ་ཁྱོད་དང་འདྲ་བར་འཛུམ་མདངས་ཀྱི་མེ་ཏོག་ཐམས་ཅད་ངའི་འཚོ་བའི་གྲུ་ག་རེ་རེར་མངོན་པར་བྱེད་སྲིད།

གལ་ཏེ་ཁྱེད་མེད་ན། སྨག་རུམ་གྱི་མུན་པ་སུ་ཡིས་སེལ། འབྱུང་འགྱུར་གྱི་འདུན་མ་སུ་ཡིས་སྟོན། ཤེས་རིག་གི་ལམ་སྣེ་སུ་ཡིས་འདྲེན། ལོང་བའི་མིག་དང་ལྐུགས་པའི་སྨྲ་ལྕེ་ལྟ་བུར་གྱུར་བའི་དགེ་བའི་བཤེས་གཉེན་ལགས། ཐུགས་རྗེ་ཆེ། ཁྱེད་རང་སྐུ་ལས་ཁག་སོང་།

ཨེ་མ། རླབས་ཆེན་གྱི་དགེ་རྒན་ལགས། ཁྱེད་ནི་ཇི་འདྲའི་གཟི་བརྗིད་ལྡན་པ་ཞིག་རེད་ཨང་། ཁྱེད་ཀྱི་ལང་ཚོ་དང་འབད་བརྩོན་གྱིས་ང་ཚོའི་མདུན་ལམ་ལ་མར་མེ་ཡི་འོད་སྣང་སྒྲོན་ལ། ཁྱེད་ཀྱི་ཕུགས་བསམ་དང་སྐུལ་ལྕག་གིས་ང་ཚོའི་ཤེས་རིག་གི་རྟ་ཕོ་བང་གིས་རྒྱུག་ཅིང་། ལེ་ལོ་དང་སྒྱིད་ལུག་གི་རྨོངས་པ་མཐའ་རུ་སྤྲོད་པའི་སྤོབས་པ་དང་སྙིང་སྟོབས་སྦྱིན་བྱུང་།

བཀའ་དྲིན་ཆེ། དགེ་རྒན་ལགས། ཁྱེད་ཀྱི་སྐུ་ལུས་གསལ་ཐང་དང་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ།།


  • ལེ་ཚན་སྔོན་མ།:དྲང་བདེན།
  • ལེ་ཚན་རྗེས་མ།:ངའི་རྣམ་ཤེས་ཀྱི་བདག་མོ།