དྲང་བདེན།

ཁྱུང་ཁྱུང་།        2019-06-19

དྲང་བདེན་ལགས། ཁྱེད་ནི་ཡིད་སེམས་ཀྱི་གཏིང་རིམ་དུ་ལུས་པའི་གཉུག་གཤིས་ཤིག་ཡིན་པས། ཉི་མས་པད་མ་བཞད་པ་དང་། སྒྲོན་མེས་མུན་པ་སེལ་བ་བཞིན། སྐད་ཅིག་སྐད་ཅིག་ལ་ཡིད་སེམས་ཀྱི་ཀྱོ་བ་འགུགས་པའི་བདུད་རྩིར་ལགས། གལ་སྲིད། མི་སེམས་དྲང་བདེན་གྱིས་ཕྱུག་ན། གསེར་དངུལ་བརྒྱ་སྟོང་གིས་ཤན་པ་ལས་ཀྱང་རིན་ཐང་ཆེ་ལ། གཡུ་བྱུར་འབུམ་ཕྲག་གིས་བརྒྱན་པ་ལས་ཀྱང་མཐུ། རང་སེམས་ལ་དྲང་བདེན་མཆིས་ན། སློབ་གནས་ཀྱི་ཞྭ་མོ་མི་གཙོ་ཞིང་། བླ་དཔོན་ལྟ་བུའི་ཆེ་ཚུགས་ཀྱང་མི་མཁོ། དྲང་བདེན་ནི་དྭངས་གཙང་གི་ཆབ་རྒྱུན་དང་འདྲ་ལ། དཀར་གསལ་གྱི་ཟླ་འོད་དང་ཡང་མཚུངས་ཏེ། དྲང་བདེན་གྱི་ལྷག་བསམ་དཀར་པོས་འཛམ་གླིང་གི་མུ་གེ་ཟློག་ཅིང་། དྲན་བདེན་གྱི་གཞན་ཕན་ཟབ་མོས་མིའི་རིགས་ཀྱི་སྐོམ་པ་སེལ་ཐུབ། དྲང་བདེན་ནི་གཞན་ལ་ལྷག་བསམ་རྣམ་དག་དང་། ཡིད་སེམས་གཞུང་དྲང་སྟེར་ཐུབ་པའི་ཉམས་འགྱུར་ཐོག་མ་དེ་ཡིན་ལ། དྲང་བདེན་ནི་འཛམ་གླིང་འདིའི་ཐོག་མི་ཡུལ་ན་ལུས་པའི་ཆེས་རིན་ཐང་ཆེས་ཆེ་ལ། ནམ་ཡང་རྟག་པ། མཐོང་མི་ཐུབ་པའི་གྲིབ་གཟུགས་གཙང་མ་ཞིག་ཀྱང་ཡིན།

རྒྱུན་ལྡན་གྱི་གནས་ཚུལ་ཞིག་སྟེ། ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཕ་མ་དང་། དགེ་བའི་བཤེས་གཉེན། དེ་བཞིན་རང་ལ་ཤ་ཚ་ཞིང་སྙིང་ཉེ་བའི་མི་དག་ལ་དྲིན་ལན་ལོག་འཇལ་དང་། ངན་ཚིག་སྨྲ་བ་སོགས་ནི་ཡལ་ག་སྐམ་པའི་ལྗོན་ཞིང་དང་འདྲ་བས་མི་སུས་ཀྱང་སྣང་དོག་མི་བྱེད་ལ། དོ་སྣང་དང་དགའ་བ་ཡང་མེད། དེ་ནི་དྲང་བདེན་མ་ཡིན་པའི་མཚོན་ཚུལ་གཞན་ཞིག་ཡིན།

བཤད་སྲོལ་ལའང་འདི་ལྟར་ཡོད་དེ། ཕོ་རབ་གཅིག་གི་གཏམ་བཤད་བྱ་བ་དེ།། རྟ་རྒོད་བཞི་ཡིས་ཕབ་མི་ཐུབ།།ཅེས་གསུངས་པ་ལྟར། སྐད་ཆ་ཚིག་གཅིག་ལབ་ནའང་འདྲ་ལ། ཁས་ལེན་ལན་གཅིག་བྱས་ནའང་ཆོག ངེས་པར་དུ་ཁ་དན་ཚིག་ལ་གནས་པ་ཞིག་བྱ་དགོས་ཤིང་། ཁ་དན་ཚིག་ལ་གནས་པ་ནི་དྲང་བདེན་གྱི་མཚོན་རྟགས་ཤིག་ཡིན་པས། ང་ཚོ་བོད་ཀྱི་གཏམ་དཔེ་ལའང་། ཕོ་རབ་ཚིག་ཐོག། འཕར་བ་རྗེས་ཐོག། ཅེས་ཀྱང་ལབ་སྲོལ་ཡོད་པ་ཇི་བཞིན་རང་ཚུགས་ཤོར་མི་རུང་ལ། གཞན་སེམས་ཀྱང་དཀྲུགས་མི་རུང་ངོ་།།

སྐྱེ་བོ་ཞིག་ལ་མཚོན་ན་དྲང་བདེན་ཡོད་ན། མི་ཚང་མས་ཁོ་ལ་བརྩི་བཀུར་བྱ་ངེས་ཤིང་། བརྩི་བཀུར་དང་མཐོང་ཆེན་གྱིས་ཁོ་རང་སྔར་ལས་ལྷག་པའི་དྲང་བདེན་ལ་དགའ་ཞིང་། དྲང་བདེན་གཙུག་ཏུ་བཀུར་བའི་སྐྱེས་བུ་དམ་པ་ཞིག་བྱ་ངེས་པས། ད་གཟོད་འཛམ་གླིང་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྲོ་ཞིང་། རྒྱལ་ཁའི་སྒོ་གླགས་ཀྱང་ངང་གིས་ཕྱེ་ངེས་ཡིན།

ཕྱི་ལ་མཛེས་སྡུག་བཀྲ་བའི་མི།།

ནང་ལ་ལྷག་བསམ་དག་པའི་མི།།

ཕྱི་ནང་དྲང་བདེན་བདོག་པའི་མི།།

ང་ཚོའི་སེམས་ན་ནམ་ཡང་བརྗིད།།

ངས་བལྟས་ན། ཁྱེད་ལ་དྲང་བདེན་ཡོད་ན། ཚེ་སྲོག་ཐམས་ཅད་ལ་གསོན་ཤུགས་སྦྱིན་ཐུབ་ཅིང་། འགྲོ་བ་ཐམས་ཅད་ལ་སྙིང་རྗེ་སྒོམ་ནུས་སོ།།


  • ལེ་ཚན་སྔོན་མ།:སེམས་ཀྱི་ལྷ་མོ།
  • ལེ་ཚན་རྗེས་མ།:བཀའ་དྲིན།