ཟམ་ཚའི་ཀླུ་འབུམ་ཚེ་རིང་། 2019-06-14
དུངས་སེམས་དང་ཞེན་ཆགས་ཀྱི་ཕྱིར་མིག་མེད་པར་ཡོད་ཚད་ལ་རྫོགས་ཚིག་བཀོད་པའི་ཁྱོད། མཐོན་པོའི་རྫ་རི་དང་ཡངས་པའི་སྤང་རི་ཞབས་ཀྱིས་བཅགས་ནས་བྲེ་སེར་འབྲོང་ལོར་བདེ་མོ་འཇོག་དུས། ཡུལ་ཁམས་དང་རྒྱལ་ཁམས་ཕྱོགས་མེད་འགྲིམས་ནས། ཡབ་ཡུམ་ལ་གྱེས་ཕྱག་འབུལ་དུས་སེམས་པ་གྲངས་མེད་ཅིག་ལོ་ཟླ་ཡི་ལྷགས་རླུང་གི་ཁྲོད་ན་སྟོན་མཇུག་གི་སྡོང་ལོ་བཞིན་ཁ་ཕྱོགས་དང་དམིགས་ཡུལ་མེད་པར་འཕུར་ཞིང་། རིགས་མཐུན་གྱི་སྤུན་ཟླ་མང་པོར་སྨྲ་མི་ཤེས་པའི་སེམས་ཚོར་ཐན་ཐུན་ཞིག་དབུགས་ཀྱི་རྒྱུ་བ་དང་འགྲོགས་ཏེ་ཁྲག་གི་བཞུར་རྒྱུན་ལ་འཐིམས། ཉི་ཟླའི་འོད་སྣང་ལ་བདེ་སྐྱིད་ཀྱི་གཞི་མལ་བཅོལ་ཞིང་གྲངས་མེད་པའི་ནམ་མཁའི་སྐར་ཚོགས་ལ་ཁེར་རྐྱང་གི་སྙིང་གཏམ་ལབ།
སེམས་ཀྱི་གུར་ཁང་ན་བཞད་པའི་ཨུ་དུམ་ཝ་ར། བདག་སེམས་ཀྱི་ལྷ་མོ་ལགས། བདག་གི་རེ་སྒུག་ཁྲི་སྟོང་གི་གཏན་འདུན་གྱི་ཁྲོད་ནས་ཚེ་སྔོན་ལས་ཀྱི་བསྐོས་ཐེངས་ཤིག་གིས་རྒྱང་རིང་རྒྱང་རིང་ཞིག་ལ་འདོ་རིགས་རྟ་ཕོའི་ཆིབ་ཁ་བསྒྱུར་བ། བྱ་བཞག་རླབས་ཆེན་ཞིག་དང་འགན་ཁྲི་ལྗིད་མོ་ཞིག་གི་མངའ་ཐང་ཡིན་ལ། ལྷོ་འགྲོའི་སྤྲིན་པ་ལ་ཁེར་རྐྱང་གི་སྙིང་གཏམ་སྐུར་བ། སྐྱིད་སྡུག་ལོ་ཟླ་ཞིག་གི་སྟ་གོན་ཨེ་ཡིན། ངས་དྲན་གདུང་གི་མིག་ཆུའི་ཀློང་ན་ནམ་ཡང་ཁྱོད་ལ་བསྒུག་ཡོད་བདག་སེམས་ཀྱི་ལྷ་མོ།
ལོ་ཟླའི་སྨག་རུམ་ཁྲོད་འོད་དུ་འཚེར་བའི་མཐོ་སྒང་གི་སྐར་མ་འོད་ཆེན། ཟླ་བའི་འོད་སྣང་ལ་ཁེན་པའི་མཚན་མོའི་ལང་ཚོ། དུས་ཚོད་ཀྱི་ཐག་སྒྲའི་ཁྲོད་ནས་གང་ལ་བཞུད་སོང་། ཁྱེད་ཀྱི་འཛུམ་དཀར་ཚེམས་ཕྲེང་རྒོད་པའི་ཞལ་ལྕེ་ནས་བཤད་མི་ཚར་བའི་སྙིང་གཏམ་གསོན་པོ་ཞིག་གི་གཏམ་རྒྱུད་ཚར་མེད་ལ། རྣམ་དཔྱོད་ཀྱི་བློ་རིག་རྒོད་པའི་མཁྱེན་དཔྱོད་ཀྱིས་བྲིས་མི་ཚར་བའི་གླིང་སྒྲུང་གི་མཇུག་བྱང་མེད་པར་གྱེས་ཁ་མའི་གཏམ་རྒྱུད་བཤད་ཕོད་དམ། མི་ཚོགས་ཀྱི་རླབས་རྒྱུན་ཁྲོད་ན་བདེན་དོན་དང་གནས་ལུགས་ཅི་ཡང་མེད་པས་བདག་སེམས་ཀྱི་གངས་རི་མཐོན་པོར་དྲན་གདུང་གི་མིག་ཆུ་བཞུར་ཞིང་། ཁྲག་རྒྱུན་གྱི་གངས་ཆུ་དྭངས་མོར་བརྩེ་འཛུམ་གྱི་དགོད་སྒྲ་དབེན། སྐུ་ལུས་ཀྱི་སྤང་ཐང་ཡངས་པོ་སྡུག་བསྔལ་གྱི་རྒྱ་རུ་ཚུད།སྨུག་སྤྲིན་གྱི་ལོ་ཟླའི་གཙེས་པའི་དུས་ཚིགས་རེ་རེར་ངས་ཁྱེད་རང་དྲན་ཞིང་ཁྱེད་ལ་བསྒུགས་ཡོད།
རྒྱང་རིང་གི་འཇིག་རྟེན་ཞིག་ན་ཤམ་བྷ་ལ་ཟེར་བའི་ཡུལ་ལྗོངས་ཤིག་ལ་ནམ་ཡང་སྨོན་པ་སྐྱེས། འཇིག་རྟེན་འདིར་རྒྱུ་འབྲས་དབེན་པས་ངའི་ཀུན་རྟོག་གི་རྣམ་ཤེས་ཕྲ་མོ་ནམ་ཡང་ཁྱེད་ཀྱི་འཇིག་རྟེན་ནས་ལྡིང་སྐོར་བརྒྱབ།
ནམ་མཁའ་སྟོང་སང་ངེར། ས་གཞི་ཁུ་སིམ་མེར། མི་ཡུལ་སྐྱ་ཐེང་ངེར། མཐོན་མཐིང་གི་མཁའ་དབྱིངས་ནས་བྱ་རྒྱལ་རྒོད་པོ་ཇི་བཞིན་ནམ་འཕང་ཇེ་མཐོར་བསྟོད་དང་། མཐའ་ཡས་པའི་སྤང་ཐང་ནས་མགྱོགས་འགྲོ་རྟ་ཕོ་ཇི་བཞིན་བང་རྩལ་ཇེ་ཆེར་བསྐྱོད་དང་ངས་ནངས་ནུབ་བར་མེད་དུ་ངག་གི་སྨྲ་སྒོ་ངོ་ཚའི་སྒྲོག་གིས་མ་བཅིངས་བར་ཁྱོད་ལ་བསྒུག་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10