ཕྱིར་དྲན་ངོགས་ཀྱི་སྙིང་ཉེ།

དཀར་མེ།        2019-03-04

   མདང་ཡང་རྨི་ལམ་གྱི་གྲུ་གཟིངས་ནང་ཁྱོད་རང་གན་རྐྱལ་དུ་ཉལ་ནས་བརྩེ་གདུང་གི་མཚོ་མོའི་ནང་ང་གཉིས་ཁ་ཁུ་སིམ་མར་སྐྱོད་ཀྱིན་པ་རྨིས་བྱུང་། ག་རེ་ཡིན་ནམ། མི་ལོ་ཅི་ཙམ་འདས་ཀྱང་ཁྱོད་རང་ཞེའི་ཟབ་ས་ཞིག་ལ་མཚོ་མོ་བཞིན་ལྟེམས་མར་འཁྱིལ་ཡོད་པ་འདི་ག་རེ་ཡིན་ནམ། བརྩེ་གདུང་གཞན་ཞིག་གི་ཉི་འོད་མ་འཕྲོས་པས་རེད་དམ། ཅི་བྱས་ཀྱང་ངས་ཁྱོད་རང་དྲན་པ་འདིར་འགྲེལ་བཤད་མང་པོ་ཞིག་རྒྱག་ཐུབ་མེད་ལ་རྒྱག་འདོད་ཀྱང་དབེན། འདི་ལྟར་མི་ལོ་གསུམ་བཞི་ཞིག་དུས་ཚོད་ཀྱི་གཙང་བོར་སིམ་ནས་དལ་བ་དལ་བུར་རྒྱང་རིང་ཞིག་ཏུ་བཞུར་སོང་ནའང་ཁོ་ཧྥེ་བཞིན་གྱི་ཁྱོད་རང་དུས་ཚོད་དང་ཏན་ཏན་འབྲེལ་བ་མེད་པར་འཐུང་གིན་འཐུང་གིན་དུ་ཇེ་ཞིམ་ཇེ་ཞིམ་དང་འདང་ཇེ་ཆེར་བུད་འགྲོ་བ་འདིའང་ངས་ཁྱོད་ལ་བཅིངས་པའི་བརྩེ་གདུང་གི་དར་སྐུད་མ་ཆོད་པས་རེད་དམ། ཡང་ན་ལས་དབང་གི་རྒྱལ་མོས་ང་གཉིས་ལ་ད་དུང་གོ་སྐབས་ཤིག་སྟེར་འདོད་པས་རེད། སྙིང་ཉེ། སྙིང་ཉེ་མ་ཡིན་པའི་སྙིང་ཉེ། བློ་ཡི་གཤོག་པར་ཐོགས་པའི་སྙིང་ཉེ། ཡིད་ཀྱི་མཚེའུའི་ནང་ཁྲུས་ལ་རོལ་གྱིན་པའི་སྙིང་ཉེ། ད་ནངས་ཞོགས་པར་ང་ཡོད་སའི་རྫ་འདབས་འདིའི་རྫ་མགོར་སྨུག་པ་བན་བུན་ཞིག་འཁྱིལ་འདུག་ལ།འཁྱིལ་སྟངས་འདིའང་ང་རང་ཁྱོད་ལ་འཁྲེང་ཚུལ་དང་ཀུན་ནས་འདྲ། ལོ་ཟླ་མང་པོ་ཞིག་ཤོག་སྐྱ་ལྟེབ་ལྟེབ་བྱས་ནས་ཕར་རྫོགས་ཟིན་ནའང་ཤོག་སྐྱའི་ཁུག་ཏུ་བཅུགས་པའི་རང་དབང་གི་བརྩེ་དུང་དེ་ད་དུང་རྙིང་པ་རེད་མི་འདུག རང་དབང་གི་བརྩེ་གདུང་དེའི་དྲོད་ཁོལ་ད་དུང་ཡལ་བ་མི་འདུག་ཨང་། ནམ་རྒྱུན་ང་རང་ཕ་ཡུལ་དུ་ལོག་རྗེས་རྩྭ་ཐང་གོས་འདྲ་བའི་པང་བ་རུ་གན་རྐྱལ་དུ་ཁ་གནམ་ལ་འཁོར་ནས་གཡའ་དག་པའི་སྔོ་སངས་ཀྱི་ནམ་མཁར་ཞིབ་ཏུ་བལྟས་པ་ཡིན་ལ། ད་དུང་ནོར་འཛིན་མའི་ལྟོ་བ་རུ་བཞད་པའི་ཕྲ་ཚོམ་མེ་ཏོག་གི་དྲི་ངད་ཞིམ་པོ་ཤུགས་ཀྱིས་བསྣམས་ནས་ཞིང་ཁམས་གཞན་ཞིག་ཏུ་ཏོབ་ཅིག་འཕུར་བསྐྱོད་བྱས་དུས་ཀྱང་ཡོད། སྐབས་དང་སྐབས་སུ་ངས་དེ་དུས་ཀྱི་ཉིན་ཐོ་འབྲི་དེབ་ཐེད་པོ་དེར་བལྟས་པ་ཡིན། དེ་བས་ཀྱང་ཁྱོད་དང་འབྲེལ་ཡོད་ཀྱི་ཉིན་ཐོ་དག་གཅིག་ཀྱང་མ་བསྐྱུར་བར་ཡིག་ནག་གདོང་འདེད་བྱས་ནས་བཀླགས་པ་ཡིན། འདི་ལྟར་སེམས་ཞིབ་མོས་ལྟ་དོན་ཡང་ཐོག་མའི་དྭངས་གཙང་གི་ཁྱོད་རང་སླར་ཡང་མཐོང་འདོད་པས་ཡིན། འབྱུང་མི་སྲིད་པ་ཞིག་ཨུ་ཚུགས་ཀྱིས་འབྱུང་སྲིད་དུ་འཇུག་འདོད་པས་ཡིན། ཤེས་མེད་ཚོར་མེད་དུ་སེམས་ཞེས་པའི་བྱ་གླག་དེས་རི་ལུང་ཐང་གསུམ་སྒྲོག་གུ་བརྟོལ་བརྟོལ་བྱས་ནས་རྒྱང་རིང་གི་ཁྱོད་ཀྱི་ཕྱོགས་སུ་འཕུར་སོང་། སྙིང་ཉེ་ཞེས་པའི་སེམས་ཀྱི་ནེམ་ཤ་དེའི་འཁྲིས་སུ་འཕུར་སོང་། སྙིང་ཉེ། སྙིང་ཉེ་མ་ཡིན་པའི་སྙིང་ཉེ། བློ་ཡི་གཤོག་པར་ཐོགས་པའི་སྙིང་ཉེ། ཡིད་ཀྱི་མཚེའུའི་ནང་ཁྲུས་ལ་རོལ་གྱིན་པའི་སྙིང་ཉེ། སེམས་ཀྱིས་ཟིན་ཡང་མིག་གིས་མི་ཟིན་པའི་རྒྱང་རིང་གི་གྲོང་ཁྱེར་དེ་རུ་ཁྱོད་ཀྱིས་གཡའ་དག་པའི་ནམ་མཁའ་མཐོང་ཐུབ་བམ། ད་དུང་ཕྲ་ཚོམ་མེ་ཏོག་གི་དྲི་ངད་ཚོར་ཐུབ་བམ། ངས་ནམ་རྒྱུན་ང་དང་འདྲ་བར་སྐྱིད་སྡུག་གཉི་གར་གདོང་བ་གཏད་དེ་ཡོང་བའི་སྡོང་བོ་འདིའི་འོག་ནས་འདི་ལྟར་བསམ་གཞིག་བཏང་བ་ཡིན་ཏེ་ཁྱོད་ཀྱི་ད་ལྟའི་འཚོ་བར་ཡང་འོལ་ཚོད་བྱས་པ་ཡིན། ད་དུང་། སྐབས་དང་སྐབས་སུ་ངས་སྡོང་བོར་འགྲམ་པ་གླན་ནས་ཤུབ་ཤུབ་ཀྱིས་ཁྱོད་རང་དྲན་ཚུལ་ལབ་པ་ཡིན། འདི་ལྟར་ང་རང་ལྷིང་འཇགས་ལ་དགའ་མཁན་ཞིག་དང་མི་ཚོགས་མང་སར་འཛེན་མཁན་ཞིག་ཏུ་གྱུར་སོང་། ད་དུང་། སེམས་ཀྱི་སྡུག་ཡོད་ཚད་རླུང་བུར་ལབ་སྟེ་རྒྱང་དུ་སྤུར་མཁན་ཞིག་ཏུ་གྱུར་སོང་། སྙིང་ཉེ། སྙིང་ཉེ་མ་ཡིན་པའི་སྙིང་ཉེ། བློ་ཡི་གཤོག་པར་ཐོགས་པའི་སྙིང་ཉེ། ཡིད་ཀྱི་མཚེའུའི་ནང་ཁྲུས་ལ་རོལ་གྱིན་བའི་སྙིང་ཉེ། གལ་ཏེ། ཡོད་ཚད་ཀྱི་ཡོད་ཚད་རྩེད་ར་བཞིན་བཤིག་སྟེ་སླར་ཡང་བསྒྲིག་ཆོག་རྒྱུ་ན་ང་རང་མི་ཞིག་བྱེད་མི་འདོད་པར་དེ་ལས་ལྡོག་སྟེ་ང་རང་ཁྱོད་ཀྱི་ཡ་ཐོད་ཀྱི་མིག་གཉིས་བྱ་བར་འདོད།

  • ལེ་ཚན་སྔོན་མ།:ཕ་ཡུལ།
  • ལེ་ཚན་རྗེས་མ།:མར་མེ།