ཞོགས་བརྡ། 2019-03-08
“ས་སྲོད་དང་འགྲོགས་ནས་ངས་འདས་པའི་སྐྱོ་གདུང་གཅིག་ཀྱང་འཁྱེར་འོང་མི་འདུག ཚེ་འབར་གྱི་མར་མེ། དུས་དང་དུས་སུ་གངས་རི་དང་འདྲ་བར་ཁེར་རྐྱང་ལ་མུན་འོབས་སུ་སྒྲོན་དུས། ང་ཚོ་མིའི་རིགས་འདི་ཅི་འདྲའི་ངོ་ཚ་མེད་པ་ཞིག་རེད་སྙམ་ཨེ་སོང་། ངས་དུས་ཚོད་ཀྱི་སྲོག་དག་ས་རིམ་པ་དགུའི་མར་ཞབས་ལ་མནན་དུས། ཁེར་རྐྱང་ནི་ནམ་ཡང་སྡུག་བསྔལ་གྱི་ནང་དུ་ཡིབ་འདུག འུ་ཚོའི་ཁྲག་དམར་གྱི་ཁྲོད་བཏུས་འོང་པའི་མར་མེ་གཅིག་པུ་འདི། ཁང་པ་ཐབས་ཆག་ཅིག་ཏུ་ཨུ་ཚུགས་ཀྱིས་བཞག་ན། སྔ་ལོག་ཏུ་སོང་བའི་མེས་པོ་དག་གིས་ངའི་སྙིང་ཁམས་དཀྲུག་དཀྲུག་ཨེ་བྱེད་དམ”
”རང་ཉིད་ཀྱིས་ནམ་ཡང་འཆི་བ་ལ་གྲ་སྒྲིག་བྱེད་དུས་སེམས་མི་ཤེས་པའི་ཁོ་པ་དག་གིས་ང་ལ་སྡུག་སྨྲེ་ཡང་ཡང་བཏང་། ངས་མིག་ཆུ་འཁྱོར་བ་གང་། ཡང་ན་ལོ་མ་གང་ཕུད་པའི་སྔ་རྗེས་ལ། མི་མང་པོ་ཞིག་གིས་རང་སྲོག་བཅད་ཟིན། དུས་དེ་ནས་བཟུང་ངས་ནམ་ཡང་རང་ཚུགས་ཐུབ་པའི་འཛམ་གླིང་གི་མི་དམངས་དགའ་བ་བྱེད་འདོད་པའི་འདུན་པ་སྐྱེས་པ་དང་། སེམས་སུ་གནས་པའི་མར་མེ་དེས་ཆེད་དུ་གཡང་གཟར་གྱི་གྲོག་དང་། མཐའ་མེད་པའི་འཇིངས་ནས་ང་ལ་དཀའ་སྡུག་གི་ལོ་ཟླ་མང་ཙམ་མཆིས་སོང་། ཁྱོད་ཀྱིས་གངས་རི་གངས་སེང་ཟེར་དུས། ངས་མར་མེ་མར་མེ་ཟེར་བཞིན་སྟོང་ལྷང་ལྷང་གི་འཇིག་རྟེན་དབུས་ནས་ཁེར་རྐྱང་ལ་འགྲེལ་བཤད་ཡང་ཡང་བགྱིས་པ་ཡིན་ཨང་།”
“ནམ་ཟླའི་དུས་ཚིགས་ནི་ཡལ་ཟིན་ཡང་། དགུན་གཞུང་གི་མེ་ཏོག་ཁྲོད་ནས་ངས་སྦྲང་ཆུང་ལ་སྐྱོ་གཏམ་ཡང་ཡང་བཤད་པ་ཡིན་ལ། འཁོས་ཀ་ཞན་པའི་སྦྲང་ཕྲུག་དག་ལ་ཆར་ཆུ་མང་ཙམ་ཕབ་པ་ཡིན། དགུན་གཞུང་ལ་ཆར་ཤ་རྒྱག་དགོས་པ་ནི་དཀའ་ལས་ཨེན་ཙམ་ཡོད་ཀྱང་། ངས་ཤི་ཟིན་པའི་མི་དམངས་དེ་དག་གི་ཆེད་དུ་མིག་ཆུའི་རི་རབ་བརྩིགས། དྲན་སྐྱོ་དག་དུར་སྦས་བྱས། རང་གི་སེམས་སུ་གནས་པའི་བུད་མེད་དག་ལ་དུར་བྱང་རེ་རེ་བརྐོས་ནས་འཆི་བར་སྨོན་ཅིག་ཟེར་ཏེ་སྨོན་ལམ་སྐྱིད་པོ་འགའ་རེ་བཏབ། ས་སྟེང་དུ་ང་ཁེར་རྐྱང་དུ་ལུས་ཀྱང་དོན་དུ་ང་ནི་ཁེར་རྐྱང་མིན། མེ་ཏོག་དང་ནམ་མཁའ། ས་གཞི་དང་རྩི་ཤིང་། ཤྭ་བ་དང་ནགས་ཚལ། སྔོ་ལྡེམ་ལྡེམ་གྱི་སྤང་ལྗོངས་དག་ཀྱང་རོགས་སུ་བཀུག་ཆོག་པས། ང་རང་ཁེར་རྐྱང་རེད་དམ།”
”ཡི་ཆད་པ་ཞིག་ངུས་རྗེས་སྐད་ཅིག་ལ་སྐྱོ་བ་སེལ་མཁན་ནི་རང་ཉིད་ལ་བློ་མ་དཀར་བ་འདྲ་ཞིག་ཀྱང་རེད་སྙམ། རྨ་ཆུ་དང་མཚུངས་པའི་སེམས་ཀྱི་གཙང་བོའི་ནང་དུ་མི་སྡུག་པའི་ཀོ་གྲུ་བཏང་རྗེས། གློ་བུར་དུ་ཕ་ཡུལ་དང་ཉལ་ཐ་དྲན། དུར་བྱང་དུ་འཁོད་པའི་བུད་མེད་དག་གིས་མིང་ཚིག་ཀྱང་རེ་རེ་བྱས་ནས་དྲན་འོང་། ངས་རི་བོ་མཐོན་པོའི་རྣམ་ཤེས་བྲན་དུ་བཀོལ་ཏེ་རྒྱང་རིང་རྒྱང་རིང་ལ་བཞུད་འདོད་ཀྱང་། དེ་རུ་ང་ངོ་མི་ཤེས་མཁན་གཅིག་ཀྱང་མི་འདུག མ་གཞི་འཇིག་རྟེན་ནི་ལག་པའི་ནང་གི་རི་མོ་དང་རང་ཉིད་ནི་རི་མོའི་ནང་གི་ས་རྡུལ་རེད། ཡོད་ཚད་ལག་པ་འདི་ལན་པའི་ང་རྒྱང་རིང་ནས་འོང་བའང་ཤེས་འདུག མ་གཞི་སུན་དྲག་པ་ལ་ཨང་།”
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10