ཞི་མོ་ཉི་མའི་བུ་མོ།

འོ་མའི་མེ་ཏོག        2018-11-23

ཞི་མོ་ཉི་མའི་བུ་མོ། ཨ་མའི་མིག་འོད་ལས་འཕྲོས་ཤིང་སྐད་གདངས་ཀྱིས་གསོན་པའི་བཞིན་བཟང་མ། ཨ་མའི་མཛེས་སྡུག་གི་གདོང་ལ་མོའི་ལེགས་འགྲུབ་ཀྱི་བཟོ་ལྟ་མོད།

ཉི་མའི་བུ་མོ་ནི་ཁྱིམ་བཟའ་མི་ཚང་གི་གཅེས་ལོ་ཡིན། གཉེན་སྒོ་ཁའི་མི་ཡི་མིག་མདངས་ཡིན། སྙིང་ལ་རྗེ་བའི་ཉི་མའི་བུ་མོ་ལ་སྐབས་དེ་དུས་ཕ་མ་གཉིས་ཕུ་བོ་དང་ཨ་ཅེ་ནུ་མོ་བཅས་ཡོད། ཕ་མ་གཉིས་ཀྱིས་བུ་མོ་ཆེ་བ་ཁྱིམ་ལས་བྱེད་མཁན་བྱས་ནས་བུ་ཆུང་གྲྭ་པ་བྱེད་དུ་བཅུག་སྟེ་རང་དགོན་ལ་སློབ་སྦྱོང་ལ་བསྐྱལ། ཉི་མའི་བུ་མོ་དང་བུ་མོ་ཆུང་བ་ལྷ་དབང་གཉིས་ཀྱང་རང་ཡུལ་གྱི་སློབ་གྲྭའི་ནང་བསྐྱལ། ཁྱིམ་ལ་སྒོ་ཕྱུགས་རྟ་ནོར་མང་ཡང་ཨ་ཕས་གྲང་ལྷགས་ཁ་ཆར་གདོང་གི་བསུས་བ་དང་ཨ་མས་དཀའ་ངལ་གྱི་རྔུལ་ཆུ་ཐབ་འགྲམ་ནས་བཞུར་ཞོར་འཚོ་བར་སྐྱོང་། སྐབས་དེ་དུས་སློབ་སྦྱོང་ཟེར་བ་ཞིག་གི་གོམ་གཤིས་ཁོ་ཚོའི་ཕ་ཡུལ་ཕྱོགས་ལ་མེད་ཀྱང་། ཁོ་མོའི་ཕ་མ་གཉིས་གཞན་ཡུལ་ལ་འགྲིམ་ཚོད་མང་བས་ཤེས་ཡོན་གྱི་ཁྱད་ཆོས་རྟོགས་ཡོད། བྱིས་པ་ཚོས་ཀྱང་ཡི་གེ་སློབ་དགོས་པ་མི་ཤེས་ཀྱང་དྲིན་ཕ་མའི་ཁ་ལ་ཉན་ནས་སློབ་གྲྭར་འགྲིམ། ཁོང་བུ་མོ་སྤུན་གཉིས་སློབ་སྦྱོང་ལ་དགའ་ཞིང་ཕན་ཚུན་བརྩེ་འདང་ཧ་ཅང་ཟབ་པས་དགེ་རྒན་དང་སློབ་གྲོགས་ཚང་མས་ཡིད་སྨོན་སྐྱེས་མྱོང་། མ་ཟད་ནུ་མོ་ལྷ་དབང་ནི་རིག་པ་རྒོད་ལ་སྦྱོང་པ་ཡག་པས་སློབ་གྲྭ་དེའི་ནང་གི་འཛིན་གྲྭའི་ནང་ནས་ཨང་རིམ་དང་པོ་ཏག་ཏག་ཡིན། རེད་དེ། སྟབས་མ་ལེགས་པ་ཞིག་ལ་ཁོ་མོ་གཉིས་ཀྱིས་ལོ་རིམ་གསུམ་པ་ཙམ་ཡིན་དུས་ཨ་ཅེ་ལྷ་མཚོ་གཞན་ཡུལ་ལ་མནའ་མ་བུད་སོང་བས། ནུ་མོ་ལྷ་དབང་ཕ་མ་གཉིས་ལ་རོགས་པ་འདུག་དགོས་སོང་། དེ་ནས་ཉི་མའི་བུ་མོ་ཁེར་མ་ལུས། ཡིན་ཡང་། དུས་ཡུན་ཅུང་མ་འགོར་བར་མོས་ཀྱང་འཛིན་གྲྭ་གཅིག་པའི་བུ་མོ་མེ་ཏོག་དང་གྲོགས་པོ་རུ་གྱུར། བུ་མོ་མེ་ཏོག་དེ་ལ་ཕུ་བོ་དབང་དར་ཟེར་བ་ཞིག་ཡོད་པ་དེ་ལོ་རིམ་གཉིས་པ་ཡིན། རིམ་བཞིན་དུས་ཀྱི་འཁོར་ཕྱོགས་དང་འགྲོགས་ནས་ཁོང་གསུམ་ནི་ཆེས་ཡིད་དུ་མཐུན་པའི་གྲོགས་པོར་གྱུར། ཟས་ཅི་ཡོད་མཉམ་ཟ་དང་ལས་ཅི་ཡོད་མཉམ་ལས་བྱེད་པར་མ་ཟད། སྐབས་ལ་རེ་མཉམ་དུ་བྲོས་ཁུལ་བྱས་ནས་སློབ་གྲྭ་མི་འགྲོ་རི་ལ་འགྲོ་བའང་ཡོད། དེ་ནས་ཡང་སློབ་སྦྱོང་གི་ན་ཚོད་དམ་སློབ་རིམ་སྤར་ཏེ་ཉི་མའི་བུ་མོ་དང་མེ་ཏོག་གཉིས་སློབ་ཆུང་མཐའ་ཕྱིན་པའི་དུས་རིམ་ལ་ཐོན། དེ་ནི་དབང་དར་ལ་མཚོན་ན་གནམ་རྒན་མས་ཁོ་ལ་གནང་བའི་ཁེར་རྐྱང་གི་བཀོད་སྒྲིག་ཅིག་ལོས་ཡིན་སེམས། ཁོང་གསུམ་པོ་བྲལ་ཁའི་མིག་ཆུ་དང་སྡུག་ཡུས་ནི་སུས་ཀྱང་བརྗོད་ཐུབ་པ་ཞིག་གང་ན་ཡིན། ཉི་མའི་བུ་མོ་དང་མེ་ཏོག་གཉིས་ཀ་ཡང་སློབ་འབྲིང་ཞིག་གི་ནང་མཉམ་དུ་ཞུགས་ཐུབ་སོང་། དེ་རྗེས་བུ་ཆུང་དབང་དར་གིས་སློབ་སྦྱོང་ཡག་པོ་མ་བྱས་པས་ཕ་མ་གཉིས་ཀས་གྲྭ་པ་བཟོ་རུ་བཅུག སྤྱིར་ཁོའི་དམིགས་ཡུལ་ལོ་འཁོར་གཅིག་མགྱོགས་པ་ཕར་བསྐྱལ་ནས་ཉི་མའི་བུ་མོ་དང་མེ་ཏོག་གཉིས་ཡོད་སའི་ཕྱོགས་ལ་སློབ་གྲྭ་འགྲིམ་དགོས་དྲན། དབང་དར་ཆུང་དུས་ནས་ཉི་མའི་བུ་མོ་ལ་ཧ་ཅང་དགའ། རེད་དེ་ཁོས་མོ་ལ་བརྗོད་མ་ཐུབ་ནས་དེ་ལྟར་ལུས་སོང་། ཕ་མ་གཉིས་ཀས་ཁ་ལ་ཉན་ནས་ཁོས་གྲྭ་ཆས་གྱོན་ཁུལ་བྱས་ཀྱང་སེམས་ལ་དྲན་པ་ཁོ་མོ་ཏག་ཏག་རེད། སྐབས་དེ་དུས་ཁ་པར་སོགས་མེད་པས་ཕན་ཚུན་འབྲེལ་བ་དང་མཚམས་འདྲི་བྱེད་དགོས་ན་ཧ་ཅང་དཀའ། ཁོང་གསུམ་པོ་དེ་ལྟར་ལོ་ངོ་གསུམ་ཙམ་འབྲེལ་བ་ཆད་ནས་ལུས། སློབ་འབྲིང་མཐའ་ཕྱིན་ལ་ཉེ་བའི་ཉིན་ཞིག་ལ། ཉི་མའི་བུ་མོའི་ཨ་ཕ་ཚེ་ལས་འདས། མོ་ལ་མཚོན་ན་ཆེས་སྡུག་བསྔལ་ཆེ་བའི་ལོ་གཅིག་ཡིན། ཁྱིམ་མི་ཚོའི་ལས་ཀ་བྱ་བའི་ནང་དཀའ་ངལ་དེ་བས་ཆེ་ཡང་ཉི་མའི་བུ་མོ་ལ་མུ་མཐུད་དུ་སློབ་སྦྱོང་བྱེད་དུ་བཅུག དེ་རྗེས་ལོ་འགའ་འགོར་རྗེས་དུས་ཚོད་དང་བསྟུན་ཁོང་གསུམ་ཀ་ལ་ཁ་པར་རེ་ཡོད་པ་རེད་། བུ་ཆུང་དབང་དར་ནམ་རྒྱུན་ཉི་མའི་བུ་མོ་ཨང་གྲངས་དང་འབྲེལ་གཞི་ཞིག་ཨེ་ལོན་བལྟས་ནས་བསྡད།

དགུན་ཁའི་ཉིན་ཞིག་གི་སྔ་མོ་བུ་ཆུང་དབང་དར་གྱིས་ཉི་མའི་བུ་མོའི་ཕུ་བོ་དཔལ་ལྡན་ལག་ནས་མོའི་ཁ་པར་ཨང་གྲངས་ཤིག་བླངས། ཁོས་དེ་མ་ཐག་ཨང་གྲངས་དེ་མནན་ནས་ཉི་མའི་བུ་མོ་ལ་ཁ་པར་བཏང་། ཉི་མའི་བུ་མོས་དུས་ཡུན་རིང་པོ་ཞིག་ལ་བུ་ཆུང་དབང་དར་གྱི་སྐད་ཆ་མ་ཐོས་པས་མ་ཤེས། དབང་དར་ལ་མཚོན་ན་དེ་ཡང་སྡུག་བསྔལ་ཆེན་པོ་ཞིག་ལོས་ཡིན། སྐད་ཆའི་རྒྱུད་རིམ་དང་སྔོན་གྱི་ལོ་རྒྱུས་སོགས་ཀྱི་དེ་ལྟར་གྲོགས་བཟང་ཞིག་ཆགས། ཉིན་མང་པོར་མ་འགོར་བར་ཁོ་ལ་རོགས་པ་མེ་ལྕེ་ཟེར་བ་ཞིག་ཡོད་པ་དེ་དང་མཉམ་དུ་ས་ཆ་གཞན་ཞིག་ལ་སོང་ནས་གྲྭ་པ་ལོག་ནས་རང་ཡུལ་ཆས། དེ་ཡང་དབང་དར་གྱིས་ཉི་མའི་བུ་མོ་ལ་དགའ་འབོད་བྱེད་འདོད་པའི་གྲ་སྒྲིག་ལོས་ཡིན། དབང་དར་གྱིས་རོགས་པ་ཚོ་ལ་ཁོ་ཁོ་མོ་དགའ་བ་བཤད་མྱོང་། ད་དུང་ཁོས་མོའི་གྲོགས་མོ་མེ་ཏོག་ལ་ཡང་བཤད་མྱོང་ཡོད། རེད་དེ་ཉི་མའི་བུ་མོས་ད་དུང་ཅི་ཡང་གོ་མྱོང་མེད། མོས་ད་དུང་ཆེས་བཟང་བའི་གྲོགས་པོ་ཞིག་གི་འདང་ལ་བཞག་ནས་ཡོད། སྤྱིར་དབང་དར་གྱིས་ཉི་མའི་བུ་མོ་ལ་ཁ་མཚར་རྩེ་མོའི་ངང་གི་འབྲེལ་བ་བརྒྱུད་ནས་དགའ་དུང་གི་སྐད་ཆ་བཤད་ཐེངས་མང་ཡང་། ཉི་མའི་བུ་མོ་ལ་འགྱུར་བ་ཅི་ཡང་མ་བྱུང་། ཉིན་ཞིག་ལ་དབང་དར་གྱིས་ཁོ་རང་གི་ཕ་ཡུལ་གྱི་མི་ཞིག་ཉི་མའི་བུ་མོ་ལ་དགའ་བ་ཐོས་ནས་སེམས་ཀྱི་མ་བཟོད་བ་འཕྲིན་ལམ་བརྒྱུད་ནས་དུང་བརྗོད་སྙན་ངག་ཅིག་གི་དགའ་དུང་གླེང་། རེད་དེ་ཉི་མའི་བུ་མོས་དང་ལེན་མ་བྱས། དབང་དར་གྱིས་ཉིན་གྱི་མྱི་དང་མཚན་གྱི་ཁྱི་བྱས་ནས་དུང་བརྗོད་བྱེད་པ་བརྒྱུད་ནས་ཉི་མའི་བུ་མོ་ལ་ཡང་སེམས་འགུལ་ཐེབས་ནས་གཞོན་སྐྱེས་ཕོ་མོ་གཉིས་ཀྱི་ལང་ཚོའི་གར་སྟེགས་ཤིག་རྙེད། དབང་དར་ནི་སྤྱིར་བཏང་གི་མི་ཞིག་ཡིན་པ་དང་ཉི་མའི་བུ་མོ་ནི་སློབ་མ་ཞིག་ཡིན་པས་ཁོ་གཉིས་ལ་ཁ་པར་ཡོད་ཀྱང་སྐད་ཆ་བཤད་པ་ཧ་ཅང་ཉུང་། དབང་དར་གྱིས་གཟའ་འཁོར་རེར་ཁོ་མོ་སྒུག་དགོས་པ་ནི་ཟླ་བ་གཅིག་གི་དུས་ཡུན་དང་གཅིག ཉི་མའི་བུ་མོས་ཀྱང་དགེ་རྒན་གྱིས་ཁ་པར་ལག་ཏུ་སྤྲོད་མ་ཐག་ཁོ་བོ་ལ་ཁམས་བདེ་ཞུ་བཞིན་ཡོད། དབང་དར་གྱིས་ནམ་རྒྱུན་མོའི་སློབ་སྦྱོང་དང་ལས་ཀ་བྱ་བ་ལ་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད། དབང་དར་གྱིས་ཀྱང་འཕྲིན་ཡིག་རིག་པ་དང་ལྷན། “གཅེས་ལོ། ད་ཐེངས་གཟའ་འཁོར་ནང་དཔེ་ཆ་ཤེས་ཨེ་ཐལ། སེམས་ཁམས་དྭངས་ཨེ་སོང་། འཁྱག་ཨེ་བྱུང་ལྟོགས་མ་ཐལ་ལེ"ཟེར་ནས་འདྲི་བཞིན་ཡོད། དེ་ལྟར་ལོ་ངོ་གང་མང་ཞིག་འདས་ཟིན་ཡང་། དབང་དར་གྱིས་ཉི་མའི་བུ་མོའི་དཔེ་ཆ་ལྟ་བ་ལ་བར་ཆད་ཅིག་ཡེ་ནས་མ་མྱོང་། ཁྱིམ་མི་གཉིས་ཀས་ཤེས་པར་མ་ཟད་ཕ་ཡུལ་གྱིས་མི་ཚང་མས་ཁ་ནས་གླེང་བྱར་གྱུར། ཡིན་ནའང་། ཆ་མ་ལེགས་པ་ཞིག་ལ། ཁོ་གཉིས་མི་ཁ་ཞིག་གི་ཁ་འདྲེ་བརྒྱུད་ནས་དབང་དར་ལ་ཕ་ཡུལ་ན་དགའ་ས་བུད་མེད་ཅིག་ཡོད་པ་ཐོས། ཉི་མའི་བུ་མོ་ཡང་ས་མཐའ་ལ་གནས་ཡོད་པས་བདེན་ཁ་བཟུང་ནས། ཧ་ཅང་སྡུག དབང་དར་དང་འབྲེལ་བ་གཅད་རྒྱུའི་དམ་བཅའ་བཞག དབང་དར་ལ་ཁ་པར་བཏང་ནས་ཡོད་ཚད་བཤད། དབང་དར་གྱིས་མིན་ཞེས་ཇི་ལྟར་བཤད་རུང་ཉི་མའི་བུ་མོས་ཡིད་ཆེས་བྱེད་ཐབས་བྲལ། ཁོས་གདོང་མཆུ་མ་དང་ལྷན་དུ་མོ་ལ“མིན”ཞེས་ཞུས་ཀྱང་། ཕན་ཚུན་འབྲེལ་བ་ཆད་སོང་། ཡང་ཉན་བྱེད་ནའང་། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ལས་མ་འདས། སྤྱིར་ཉི་མའི་བུ་མོ་ལ་དུང་བརྗོད་སྨྲ་མཁན་མང་རུང་ཡིད་ཆེས་ཀྱི་སྒོ་ཁ་དེ་ཡེ་ནས་འབྱེད་མ་ཕོད། གོ་ཐོས་ཡིན་ན་དབང་དར་ལ་དགའ་ས་ཡོད་པར་མ་ཟད་ད་དུང་བུ་མོ་དེ་ལ་བྱིས་པ་ཞིག་ཆགས་ཡོད་སྐད། ཉི་མའི་བུ་མོ་ལ་མཚོན་ན་ཡོད་ཚད་ནས་ཡོད་ཚད་རྨི་ལམ་གྱི་ཟློས་གར་ཞིག་ལས་མ་འདས། དེ་ནི་དགའ་སྡུག་གི་འཁོར་བའི་ནང་མོས་མིག་མདུན་ན་མངོན་པའི་ཡིད་ཆད་ཀྱི་བྱ་བ་ཡིན། དབང་དར་དང་ཉི་མའི་བུ་མོ་གཉིས་འབྲེལ་བ་ཆད་ནས་ལོ་གཅིག་ཙམ་ཕལ་ཆེར་འགོར་ལ་ཉེ་ཡང་། ངོ་མ་བཤད་ན་དབང་དར་གྱི་སེམས་ད་དུང་ཉི་མའི་བུ་མོ་ལ་འཁོར་བཞིན་ཡོད། རེད་དེ་དབང་དར་གྱིས་ངོ་གནོང་དགོས་པའི་བྱ་བ་བྱས་མྱོང་བས་ཉི་མའི་བུ་མོ་ལ་སྐད་ཆ་བཤད་ག་ལ་ཕོད། ཁོ་གཉིས་ཕན་ཚུན་དགའ་དུང་གི་བརྩེ་བ་ཟབ་ཀྱང་། སྐད་ཅིག་མ་ཞིག་གིས་བར་ཆད་བརྒྱུད་ནས་དེ་ལྟར་འཐོར། དེ་ཡང་མཉམ་འདུག་གི་ལས་དབང་མེད་པའི་བརྩེ་དུང་གི་རོལ་སྟབས་ཤིག་ལོས་ཡིན། དེ་ཡང་ངས་ཉིན་སྔོན་དབང་དར་ལ་དྲི་བ་བྱས་མྱོང་། དབང་དར་གྱི་བཤད་པ་ཡིན་ན་“ང་ད་དུང་ཁེར་རྐྱང་ཡིན་སྐད། ང་ད་དུང་ཉི་མའི་བུ་མོ་བརྗེད་མི་ཐུབ་ཁུ་”ཟེར། མྱི་ཁ་བཙན་པས་ངས་ཀྱང་ཡིད་ཆེས་གང་དགོས་མ་ཤེས། མ་འོངས་པར་ངས་མུ་མཐུད་ནས་ཁོ་གཉིས་ལ་ལམ་ཡོད་ན་ངས་བཀོད་སྲིད། ཀློག་པ་པོ་ཚོས་བསྒུག་རོགས།།


  • ལེ་ཚན་སྔོན་མ།:འགྲུལ་བཞུད་ཐེངས་གཅིག་གི་མྱོང་བ།
  • ལེ་ཚན་རྗེས་མ།:རྒྱང་བཞུད་ཐེངས་གཅིག་གི་ཟིན་ཐོ།