འགྲུལ་བཞུད་ཐེངས་གཅིག་གི་མྱོང་བ།

ཀླུ་ཕྱུག        2018-11-22

      ད་ལོར་སློབ་གྲྭས་དབྱར་གནང་ཟླ་ཕྱེད་ཙམ་ལས་མ་བཏང་བར་ང་ཚོ་ལ་བྲོ་སྦྱོང་དུ་འཇུག་པའི་དམིགས་ཡུལ་ནི།སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སྐབས་བཅོ་ལྔ་བའི་མགོ་འཛུགས་མཛད་སྒོ་ལ་དམིགས་གསལ་གྱི་ལེ་ཚན་གྲ་སྒྲིག་ལེགས་པོ་ཞིག་བྱེད་དགོས་པའི་ཆེད་རེད།

      ཞོགས་པའི་ཉི་ཟེར་གྱི་འོད་མདངས་སེར་ལམ་ལམ་སྡོད་ཁང་ལྟག་རྒྱབ་ཀྱི་རི་རྩེ་ནས་འཕྲོས་ལ་ང་ཚོས་རང་རང་གི་ཅ་ལག་ཁྱེར་སའི་ཁུག་མ་ཁུར་ནས་གྲལ་སྒྲིག་ཏུ་སོང་བ་ཡིན། ལམ་འགྲམ་དུ་ང་ཚོ་སྡོད་སའི་མགྲོན་འཁོར་དག་བསྟུད་མར་བཞག་ཡོད་པ་ནི་མེ་འཁོར་ས་ཚུགས་ནས་ལམ་ལ་ཆས་རན་པའི་མེ་འཁོར་ཆེན་པོ་ཞིག་དང་ཀུན་ནས་མཚུངས་འདུག དེ་ནས་གླུ་སྐད་དང་དགོད་སྒྲའི་ཀློང་ནས་ལམ་ལ་ཆས་པ་ཡིན། དུས་ཚོད་གཅིག་ལྷག་འགོར་རྗེས་ད་གཟོད་ལམ་འགྲམ་གྱི་བྱ་གླག་གཤོག་རྩ་འདར་སའི་བྲག་རི་མཐོན་པོ་རེ་རེ་མངོན་བྱུང་ལ་རིམ་བཞིན་མཛེས་སྡུག་ལྷའི་དཔལ་ལ་འགྲན་པའི་ཁང་བརྩེགས་རེ་རེ་བརྒལ་ནས་དར་མདོའི་སློབ་འབྲིང་དུ་འབྱོར། ཕྱི་དྲོའི་ཟ་མ་ཟོས་རྗེས་ང་ཚོ་དར་མདོ་སློབ་འབྲིང་གི་རྐང་དྲུག་ཐང་ནས་གྲལ་བསྒྲིགས་ལ་འགོ་ཁྲིད་པ་ཚོས་སྲོང་བྱ་དང་སྒྲིག་ལམ་གང་ཡོད་དང་བྲོ་ཅི་ལྟར་སྦྱང་བ། སྦྱང་བའི་དུས་ཚོད་དག་རྒྱས་པར་བསྒྲགས་རྗེས་སོ་སོ་ལ་བྲོ་ལྭ་སྟེར་པ་དང་དེ་ནས་སྡོད་ཁང་དུ་ངལ་གསོ་རུ་བཏང་། སྡོད་ཁང་དུ་སོང་རྗེས་ང་ཚོས་རང་རང་གི་བྲོ་ལྭ་ཆེ་ཆུང་ཨེ་བདེ་བལྟས་ལ་འདྲ་པར་ཡང་མི་ཉུང་བ་ཞིག་བླངས་རྗེས་རྨི་ལམ་གྱི་ཞིང་དུ་ཆས་པ་ཡིན།

      ཕྱིར་ཉིན་ཞོགས་པར་སྔོན་ལ་དགེ་འོས་ཚན་ཁག་དང་དེ་ནས་ཞིང་འབྲོག་ཚན་ཁག རྩིས་གཉེར་ཚན་ཁག སྒྱུ་རྩལ་ཚན་ཁག་སོགས་ཁྱོན་བསྡོམས་རང་སློབ་གྲྭ་སྟེ་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཚབ་བྱེད་སློབ་མ་སྟོང་གཅིག་ལྷག་ཡོད་པ་དེ་ཚན་ཁག་ཚན་ཁག་བྱས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་མགྲོན་འཁོར་ལ་བསྡད་དེ་དར་མདོའི་བྱང་སྒོའི་ལུས་རྩལ་ར་བར་འབྱོར། བྱང་སྒོའི་ལུས་རྩལ་ར་བ་ནི་རྒྱང་ནས་བལྟས་ན་བྱ་ཚང་གི་དབྱིབས་སུ་སྣང་ལ་ཕྱིའི་ཁྱད་ཆོས་དང་ནང་གི་བཀོད་པ་སོགས་ལྟ་བས་ཆོག་མ་ཤེས། དེར་དབྱིས་རིགས་དང་ཆང་རིགས་སོགས་རིགས་སོ་སོའི་ཚབ་བྱེད་རི་ཁག་དང་། རྫ་ཆུ་ཁ་དང་ཉག་ཆུ་ཁ། དར་མདོ། རོང་བྲག གསེར་རྟ་སོགས་རྫོག་ཁག་སོ་སོའི་ཚབ་བྱེད་ཚན་ཁག་སོགས་ཐོན་ཡོད་ལ། དེ་ལས་ཡིད་དགའ་བ་ཞིག་ནི་རང་ཡུལ་གསེར་རྟའི་ཚབ་བྱེད་དུ་གེ་སར་འཁྲབ་སྟོན་ཁང་གི་མི་སྣ་དག་ཐོན་ཡོད་ལ་ང་ཚོས་འཁྲབ་པའི་བྲོ་ཡང་གེ་སར་གྱི་རི་དམག་དང་རི་སྡེ་ཡིན་པས་ང་ཚོ་དངོས་སུ་གྲལ་སྡེབ་བྱུང་བ་ནི་སྐབས་འདིའི་འཁྲབ་སྟོན་གཙོ་གྲས་ཤིག་རེད་ཟེར་ན་ཡང་ཆོག་ཆོག་རེད། ད་དུང་ཕྱོགས་སོ་སོའི་ལུས་རྩལ་འགྲན་བསྡུར་པ་དང། སློབ་གྲྭ་སོ་སོའི་ཚབ་བྱེད་འཁྲབ་སྟོན་ཚན་ཁག་བཅས་ཕྱོགས་གཅིག་ཏུ་འཛོམས་པས། བྱང་སྒོའི་ལུས་རྩལ་ཁང་ནི་མི་ཚོགས་ཀྱི་གཡུལ་ས་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས།

      དེ་ནས་ཉིན་རྒྱུན་ལྟར་ཉིན་བཅུ་ལ་སྦྱོང་བརྡར་བྱས་ལ་སྤྱི་ཟླ་དགུ་པའི་ཚེ་གསུམ་སྟེ། གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་ལ་དངོས་སུ་གཟབ་རྒྱས་ངང་སྤེལ། ཁམས་པའི་བརྙན་འཕྲིན་དང་དྲ་ཚུགས་སོ་སོས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་སྒྲ་འཛིན་གྱི་ལོངས་སྤྱོད་དང་འདྲེན་བྱེད་ཀྱི་དཔལ་དུ་བསྒྲོན་པ་རེད།

      མཛད་སྒོ་མཇུག་རྫོགས་རྗེས་རང་ཅག་དབུ་ཁྲིད་དང་དགེ་རྒན་ཚོའི་བསྟོད་ཚིག་དང་ཐལ་སྒྲའི་ཁྲོད་དགོད་སྒྲ་དང་རྒྱལ་ཁའི་ཀློང་ནས་གཟི་བརྗིད་ལྡན་པའི་ངང་ཕྱིར་སློབ་གྲྭར་འབྱོར་བའོ། 


  • ལེ་ཚན་སྔོན་མ།:སྒེའུ་ཁུང་ཕྱི་རོལ་གྱི་ཕྱེ་མ་ལེབ།
  • ལེ་ཚན་རྗེས་མ།:ཞི་མོ་ཉི་མའི་བུ་མོ།