འདི་པ་བསམ་འགྲུབ། 2018-12-05
༡
དུས་བཞིའི་འགྱུར་ལྡོག་དང་འཁོར་བའི་རྟེན་འབྱུང་གི་ཆོས་ཉིད་ཀྱི་དབང་གིས་བསྐྱར་དུ་དབྱར་ཁ་སླེབས་བྱུང་། དབྱར་ཁ་ནི་གཡའ་དག་པའི་ལོ་ཟླ་ཞིག་རེད། ལོ་མང་བོར་ཡིད་འདྲེས་སུ་སོང་བའི་ང་ཚོས་རང་ཚོད་ཀྱིས་གཟབ་སྤྲས་ཐེངས་གཅིག་བྱས་མཐར་སློབ་གླིང་དང་རིང་དུ་གྱེས་ཏེ་ཤར་དུང་རི་དང་མཛོད་དགེ་རྩྭ་ཐང་གི་ཕྱོགས་སུ་ལྗོངས་རྒྱུར་བསྐྱོད་པ་ཡིན། དེ་ཡང་ལོ་རེ་རེའི་དུས་མཚམས་འདིར་སློབ་གསེང་བསྐྱོད་པའམ་དབྱར་སངས་གཏོང་བར་ཕྱིན་པ་ནི་ང་ཚོའི་རྒྱུན་སྲོལ་ཞིག་ཏུ་གྱུར་ཡོད་ལ། ད་ལོར་ལྗོངས་རྒྱུ་བསྐྱོད་སའི་ཤར་དུང་རི་དང་མཛོད་དགེ་རྩྭ་ཐང་ནི་བོད་ནང་ཁུལ་དུ་ལྗོངས་རྒྱུར་བྱེད་ས་གྲགས་ཅན་དང་ངལ་གསོ་བྱེད་སའི་གནས་མཆོག་ཅིག་ཏུ་ངོས་འཛིན་གྱིན་ཡོད།
ང་རང་ཏག་ཏག་ལྗོངས་བསྐྱོད་འགྲུལ་འཁོར་གྱི་གྲལ་ཤར་རྗེས་མའི་འདུག་གནས་སུ་ཙོག་པ་ཡིན་ཞིང་ད་ལྟ་ལམ་ལ་ཆས་ནས་དུས་ཚོད་གཉིས་ལྷག་ཕྱིན་འདུག ལམ་སྐབས་ཧྲིལ་བོར་ཆར་བ་ཟམ་ཟིམ་བར་མི་ཆད་པར་སྙིལ་ཞིང་རི་རྩེ་གང་མཐོ་དག་སྨུག་པས་ཡོངས་སུ་གཡོག་འདུག ང་ཚོས་རླངས་འཁོར་ནང་ནས་དེང་སྐབས་རྒྱུག་ཆེ་བའི་གླུ་གཞས<འཕུར>སོགས་བཏང་བ་ཡིན། འོ་སྐོལ་གྱི་སྣང་བ་ཡང་སྙན་འཇེབས་ཀྱི་དབྱངས་རྟའི་འདེགས་འཇོག་དང་བསྡོངས་ནས་དཀན་གཟར་དང་རི་སྒང་དུ་འཕུར་འགྲོ།
བར་སྐབས་འདིར། སྒེའུ་ཁུང་ཕྱི་རོལ་ནི་བསྟུད་མར་ཐུར་དུ་བབས་པའི་ལམ་ངོས་ཡིན་ལ་ལམ་འགྲམ་དུ་སྔོ་ལྗོང་ངེའི་ནེམ་རྩྭ་དག་ཕོན་པོར་བཞད་ཅིང་བསིལ་འཇམ་གྱི་རླུང་བུས་ཀྱང་བསིལ་བུར་གཡོས། རླངས་འཁོར་སྒེའུ་ཁུང་ནས་ང་ཚོས་སྐེ་བསྲིངས་ཏེ་ཕར་བལྟས་པ་ན་ད་བཟོད་རྒྱང་རིང་གི་རི་ངོས་སུ་ཧ་ཅང་རི་ལྡེབས་གཟར་བའི་བྲག་ཁུང་དང་སྟུག་ཅིང་རིང་བའི་ནགས་ཚལ་སོགས་ལམ་མེར་མིག་ལམ་དུ་མངོན་ཡོང་། དེ་སྔོན་བདག་གིས་སྤྲོ་སྐྱིད་བག་ཡངས་ཀྱི་དུས་ཚིགས་མང་པོ་ཞིག་སྣང་མེད་ངང་བཏང་མྱོང་བས་ད་ཐེངས་སྤྲོ་སྐྱིད་བག་ཡངས་ཀྱི་དུས་ཚིགས་འདིའི་སྐར་ཆ་རེ་རེ་ཡང་གཅེས་སྤྲས་དང་དམ་འཛིན་བགྱི་དགོས་སྙམ་ནས་ངས་རང་ཉིད་ལ་ཡང་ཡང་དྲན་སྐུལ་ཞུས། མ་གཞིར་རྒྱང་བཞུད་ཐེངས་གཅིག་འདི་ཡང་དུས་ཚོད་བསགས་ནས་འོངས་བ་ཡིན་ཕྱིར། དུས་སྐབས་འདི་རང་དགར་ཆུད་ཟོས་ཀྱིས་འཕྲོ་བརླག་གཏོང་མི་རུང་སྟེ། འདི་དག་རེ་རེ་སྔོན་ལ་རྫོགས་རྗེས་གཏན་དུ་ཕྱིར་བསློག་པ་མེད་པས་སོ།
ང་རང་རླངས་འཁོར་སྒེའུ་ཁུང་ལ་ཁ་གཏད་ནས་རིམ་གྱིས་བརྒལ་ཟིན་པའི་རྒྱང་རིང་གི་རི་རྒྱུད་ལ་རྒྱང་ལྟ་བྱེད་ཞོར་ཐོལ་བྱུང་གི་སྤྲོ་བ་དང་བཅས་སོང་བ་ཡིན།
གློ་བུར་དུ་བར་སྣང་གི་ཉི་ཟླ་ཟུང་ལྟ་བུའི་ང་ཡི་ཕ་མ་གཉིས་དྲན་ཀོར་ངོས་སུ་ཝ་ལེར་ཤར་བྱུང་། ང་ཡི་ཕ་མ་གཉིས་ནི་སྔོ་ལྗང་རྩྭ་ཐང་གི་སྟེང་དུ་ཕྱུག་ཟོག་འཚོ་སྐྱོང་བྱེད་པའི་འབྲོག་མི་ཕལ་བ་ཞིག་ཡིན་ཞིང་ཉིན་རེར་ཁྱིམ་ལས་ཙག་ཙིག་ལ་འཐམ་བཞིན་ལྷས་རའི་ཁྱམས་འོག་དང་ཟོག་ལུད་ཀྱི་དྲི་ངད་ཁྲོད་ཁོམ་མེད་ལས་ལ་འབད་དེ་དཀའ་སྡུག་གི་ཀློང་དུ་མི་ཚེ་ཟད་བཞིན་ཡོད་སྟབས། འདི་ལྟ་བུའི་ཉི་ཚེ་བའི་བདེ་སྐྱིད་ཅིག་ཀྱང་མྱོང་རོལ་ཐུབ་ན་ཅི་མ་རུང་སྙམ།
༢
སོང་སོང་བ་ན། ང་ཚོའི་ཁྲོད་ཀྱི་སློབ་མ་ཞིག་གིས་ཡུལ་སྐོར་སྣེ་ཤན་པ་ཞིག་ལྟར་གསལ་བརྡ་བརྒྱབ་སྟེ་མྱུར་བར་ཤར་དུང་རི་ལ་ཐོན་རབས་བཤད། ཚང་མ་ལྷིང་འཇགས་སུ་བསྡད་ནས་ཨེན་ཙམ་སོང་བ་ན་གཞི་ནས་ཤར་དུང་རི་ལ་འབྱོར།
རླངས་འཁོར་བསྡད་རྗེས་ང་ཚོ་མཉམ་དུ་རི་འགབ་ནས་སོས་དལ་ངང་སྣེ་རིང་ཞིང་ཀྱག་ཀྱོག་མང་བའི་རྐང་ལམ་དུ་ཞུགས་པ་ཡིན། ཤར་དུང་རིའི་མཛེས་ཉམས་ནི་བརྗོད་ཀྱིས་མི་ལང་སྟེ། མདུན་ཕྱོགས་ན་འཆར་ཡན་གྱིས་ཕྱུག་པའི་ཡུལ་ལྗོངས་ཀྱིས་ང་ཚོ་ལ་དྭངས་གཙང་དང་མཛེས་སྡུག་མྱོང་དུ་བཅུག་སོང་། རི་ངོས་འདིའི་ནགས་ཁྲོད་དུ། གཡུ་ཡི་མེ་ལོང་ལྟ་བུའི་མཚེའུ་མང་པོ། ཤིན་ཏུ་ལྷིང་ཞིང་འཇགས་པའི་ཚུལ་གྱིས་ལྟེམ་མེར་འཁྱིལ་ཞིང་གྲམ་པ་རུ་གཡོ་བའི་ལྗོན་ཤིང་གི་རྩ་བ་ལྡག་བཞིན་མཆིས། ད་དུང་། མཚོ་མོའི་མཐའ་འཁོར་གྱི་མིའི་ལག་ཤེས་ཀྱིས་བཟོས་འདྲའི་ཁོད་ཡངས་པའི་རང་བྱུང་གི་བཀོད་པ་ཡང་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག སྡོད་མི་ཚུགས་པའི་ང་ཡི་མིག་དབང་། དེ་དག་གིས་བསླུས་ཏེ གོམ་པ་རེ་རེ་བཞིན་དེ་དག་གི་ཉེ་མདུན་དུ་གཅར། སྙིང་ཉེ་བའི་ཁོ་ཚོས་ཀྱང་ང་དང་འདྲ་བར་བག་ཕེབས་ངང་གདོང་དུ་འཛུམ་མདངས་བཏེགས་ཏེ་དེ་དག་ཁ་པར་དང་པར་ཆས་ཀྱིས་པར་བརྡབས་བཞིན་འདུག ང་ཚོས་ཉིན་ཧྲིལ་བོར་ས་ཁར་མངོན་པའི་རྩྭ་ལོ་སྙིལ་ནས། ཨར་འདམ་བླུག་མའི་རྐང་ལམ་བརྒྱུད་དེ། ཆུ་ཕྲན་སྟེང་གི་གདུང་ཟམ་བརྒལ་ཏེ་ནགས་ཚལ་དང་རྩྭ་ཐང་། ལྷུན་པོ་སོགས་སུ་ཞབས་ཟུང་གི་འཁོར་ལོ་ག་ས་གང་དུ་བསྒྱུར། དེ་ལྟར་ང་ཚོ་འགྲུལ་བཞུད་ཀྱི་ལམ་ཁ་རེ་རེ་ནས་རྒྱུས་མེད་ཀྱི་གནས་མལ་རེ་རེ་ལ་འབྱོར་ཞིང་དགོང་མོ་རེ་རེར་ཁྱད་ཆོས་ལྡན་པའི་ཁང་བཟང་ཉམས་དགའ་བ་རེའི་ནང་དུ་གཉིད་ཀྱི་བདེ་བ་གཏོང་བ་ཡིན།
༣
གསར་དུ་ཐོན་པའི་ཁྲི་གདུགས་ཉི་འོད་ལ་དམ་པོར་འཁྱུད་ནས་ཡང་བསྐྱར་ང་ཚོ་ལམ་ལ་ཆས་པ་ཡིན། འདི་ནས་མཛོད་དགེ་རྩྭ་ཐང་ལ་ཐག་མི་རིང་ཟེར་གྱིན་འདུག་པས། ལྗིད་ཏིག་ཏིག་གི་འགྲུལ་འཁོར་རྒྱང་རིང་དུ་འཕེན་པའི་གཞུང་ལམ་དུ་བརྒྱུད་དེ་འགྲོ་བཞིན་ཡོད། ལམ་ཐག་ཧྲིལ་བོར་ང་ཚོས་ཀུ་རེ་བཤད་པ་དང་སྐད་གསང་མཐོན་པོས་གླུ་དབྱངས་ལེན་པ་སོགས་ཀྱིས་རི་བོ་མང་པོ་བརྒལ་ཞིང་ཆུ་བོ་གང་མང་བརྒྱུད་ནས་སྤྲོ་སྐྱིད་ཀྱི་དགོད་སྒྲ་ཕྱོགས་ཕྱོགས་བཏོར། ང་ཚོའི་མིག་ལམ་དུ་ཡིད་ཀྱི་དང་བ་འདྲེན་པའི་གཡུ་མདོག་གི་རྩྭ་ཐང་དེ་མངོན་དུས་ནི་ཆར་བ་བསྟུད་མར་བབས་པའི་རྗེས་ཤིག་སྟེ། ཕ་མཐའ་བྲལ་བའི་མཛོད་དགེ་རྩྭ་ཐང་ནི་ཆེས་མཛེས་སྡུག་དང་དྭངས་གཙང་གི་གནས་ཤིག་ཏེ་དྲི་བསུང་འཐུལ་བའི་མཁའ་དབུགས་ཤིག་ལུས་ཀྱི་གསེང་ལ་འཐིམས་ཡོང་ཞིང་། རབ་འབྱམས་རྩྭ་ཐང་གི་ཕང་བར་དལ་གྱིས་བཞུར་གྱིན་པའི་དགུ་ཁུགས་ཀྱི་གཙང་ཆབ་སྔོན་མོ་དང་། གང་སར་འཐོར་བའི་སྨུག་པོ་སྦྲ་ཡི་ཚོམ་བུ། གཞན་ཡང་སྔོ་ལྡེམ་ལྡེམ་གྱི་རྩྭ་ཐང་གི་ཡུག་གཅིག་ཏུ་བཀྲམ་པའི་ནོར་གནག་དང་མདོ་བ་རྟ་མཆོག་དག་ནི་མཛོད་དགེ་རྩྭ་ཐང་གི་མཛེས་རྒྱན་དུ་བཏགས་འདུག ང་ཚོ་སྤྲོ་དགས་ཡོངས་སུ་བྲོད་དེ་རྫོགས་ལྡན་གྱི་ལྭ་བ་གྱོན་པའི་རྩྭ་ཐང་གི་ཕང་བར་ས་སྡིང་གནམ་སྡིང་བྱས་ནས་ཡུན་རུང་བསྡད། དེར་མཐུད། རང་དང་ཉིན་རྒྱུན་འདྲེས་ཆེ་བའི་སློབ་གྲོགས་ཚོས་བག་མེད་པའི་དགོད་སྒྲ་དང་། བཅོས་མིན་གྱི་འཛུམ་མདངས་མཐོང་བྱུང་། སྙིང་ཉེ་བའི་ཁོང་ཚོའི་འཛུམ་མདངས་དང་དགོད་སྒྲ་རེ་རེ་ནི་ཉེ་མདུན་གྱི་འདབ་མ་ལྷུག་པོར་གྲོལ་བའི་མེ་ཏོག་འདི་དག་དང་ཅི་འདྲའི་མཚུངས་ཨང་། ཏག་ཏག་སྐབས་འདིར་བདག་གིས་དགེ་རྒན་གྱིས་གསུངས་བའི་"སྐྱིད་ཟེར་བ་དེ་གཙོ་བོ་སྒུག་ནས་ཐོན་འོང་རྒྱུ་ཞིག་མ་རེད། དེ་ནི་མི་ཚེའི་འཚོ་བ་རོལ་སྟངས་ཤིག་དང་། ཡང་ན་སེམས་ཀྱི་རོལ་མྱོང་བྱེད་སྟངས་ཤིག་རེད"ཞེས་པའི་སྡོམ་ཚིག་དེ་དྲན་ཡོང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10