བཞི་པའི་ཉེར་དགུ་ཉིན་བུ་ཆུང་དང་མཉམ་དུ་རི་བསང་ལ་སོང་།

ཀླུ་འབུམ་ཚེ་རིང་།(མགོ་ལོག)        2018-08-16

   དེ་སྔ་ནས་མལ་ལས་ལྡང་སྟེ་ཁྱིམ་ལས་ལ་འཇུག་པའི་ཕུ་བོ་བཟའ་ཟླ་གཉིས་ཀྱི་ཤབ་ཤུབ་སྐད་སྒྲ་དང་།སྒེའུ་ཁུང་གི་ངོས་ལ་ཕོག་པའི་ཞོགས་པའི་འོད་ཐིག་གིས་མི་ཁང་གི་ཚ་ཐབ་ཐོག་གི་ང་ཡང་གཉིད་ལས་སློང་བར་བྱེད།དེའི་མུར་ངས་མདང་ནུབ་ནས་བུ་ཆུང་ལ་བཏབ་པའི་ཁ་ཆད་དེ།དེ་རིང་ནངས་སྔ་ལངས་ཀྱིས་རི་བསང་ལ་འགྲོ་རྒྱུ་དེ་དྲན་ནས་ལོགས་ཀྱི་བྱིས་པ་ཁོ་བསྒུལ་ཏེ་གཉིད་ལས་བསླངས།ངེད་གཉིས་ཀྱིས་ཁ་ལག་བཀྲུས་ཚར་ཏེ་ལྷས་རར་འོངས་པ་ན།ནམ་ནི་ཡོངས་སུ་གསལ་ཏེ་མཐོང་ལམ་ཀུན་དཀར་སིང་ངེར་སྣང་།ཕུ་བོས་ཀྱང་ངེད་གཉིས་ལ་ཁྱོད་གཉིས་འཕྱིས་མེད་ན་སྔ་མི་འདུག་ཅེས་བཤད་བྱུང་བས།ངེད་ཕ་སྤད་གཉིས་ཀྱིས་ལག་གང་མགྱོགས་ཀྱིས་བསང་ཁུག་དང་སུ་རུ་ཆག་པ་སོགས་མཆན་ལ་བཙིར་བའམ་ལག་ཏུ་བཟུང་སྟེ་རྒྱ་སྒོ་རུ་བུད།

   ངེད་གཉིས་རི་བསང་ལ་འགྲོ་ས་ནི་མདུན་རི་དཔལ་མཁར་སྒང(ངའི་ཕ་ཡུལ་གྱི་མདུན་རིའི་མིང་ལ་དཔལ་མཁར་ཞེས་འབོད)མིན་ཏེ།སྒང་དེའི་སྐེད་དུ་ཆགས་པའི་དུང་མགོ་རྟེན་དྲུག་ཏུ་འབོད་པའི་རི་དེའུ་དམའ་མོ་དེ་ཡིན།སྤྱིར་བོད་པ་ཚོ་མཐོན་པོ་སྒང་དུ་བསང་འཕུད་དུ་འགྲོ་བ་བཞིན་ང་ཚོའི་ཡུལ་མི་ཚོ་ཡང་སྡེ་བའི་མདུན་ན་ལྷུན་གྱིས་འགྱིང་བའི་དཔལ་མཁར་རྩེ་རུ་བསང་ཕུད་པ་དང་རྒྱལ་མཚན་རྩེ་མོ་བསྒྲེང་དུ་འགྲོ་བཞིན་ཡོད།སྔོན་ཆད་ང་ཡང་མདུན་རི་འདིའི་སྤོ་ལ་འགོས་ཏེ་བསང་ཕུད་རླུང་རྟ་སྤུར་མྱོང་མོད།བྱེས་སུ་ལུས་པ་ནས་གཞིས་སུ་ལོག་པའི་གོ་སྐབས་རིང་དུ་གྱུར་པ་དང་བསྟུན།ཕ་ཡུལ་དང་ངེད་གཉིས་བར་ལ་ཡང་ཡུན་གྱིས་བར་ཐག་ཅིག་ཕྱེས་སོང་།བར་ཐག་འདི་དུས་དང་བསྐལ་བའི་ཁོ་ནའི་དབང་དུ་གྱུར་ཏེ་ཤེས་མེད་ཚོར་མེད་དུ་བཀྱེད་པ་ཡིན་ནམ།ཡང་ན་དྲིན་ཅན་ལ་དྲིན་གཟོ་སེམས་སུ་མ་བླངས་པའི་ཁྲེལ་འདས་བུ་ཡི་སྤྱོད་སྟངས་ལྷུར་བླངས་པའི་རྐྱེན་གྱིས་ཡིན།གང་ལྟར་རང་ཉིད་ཆུང་བྱིས་པའི་དུས་ནས་མིག་གིས་འཚོས་མྱོང་བའི་མདུན་རིའི་རྩེ་རུ་བསང་འཕུད་དུ་འགྲོ་གྲངས་ཇེ་ཉུང་དུ་ཕྱིན་པ་ནི་ཕ་ཡུལ་གྱི་རི་ཆུ་ཐང་གསུམ་ལ་ཤིན་ཏུ་གསལ།ཐག་རིང་པོ་ཞིག་ལ་རྐང་ཐང་ལ་བསྐྱོད་མ་མྱོང་བ་དང་།ལྷག་ཏུ་རི་མཐོན་པོ་ཞིག་ལ་མ་འཛེག་པར་ལོ་ཟླ་རིང་པོ་ཞིག་ཕྱིན་པས།མདང་ལུས་ཀྱིས་མི་ལྕོགས་སྙམ་སྟེ་ཐག་ཅུང་ཉེ་བའི་སྤང་རི་དེ་བདམས་པ་ཡིན།ད་ལྟ་བསམས་ན་ངས་སྐད་ཆ་དེ་ལྟར་བཤད་སྐབས་ཕུ་བོ་དང་སྲུ་མོ་གཉིས་ཀྱིས་ངའི་ལུས་ནས་གཡུལ་ལ་ཆས་པར་དཔའ་ཞུམ་པའི་སྡར་མ་ཞིག་གི་ཚུགས་ཀ་ཡོངས་སུ་མཐོང་བས།ཡུ་མུག་ཅིང་སེམས་ནས་འཕྱ་དམོད་ཀྱང་བཏང་ཡོད་སྲིད་ལ།ཁོ་གཉིས་ཀྱིས་ལྷ་བསང་འཕུད་པར་རི་ལ་མཐོ་དམའ་མེད་པའི་ཚུལ་བསྟན་པ་དེ་ཡང་མཐར་གཏུགས་ན་ངའི་ཁམས་དང་བསྟུན་པར་ཁོ་ནར་ཟད་སྙམ།

   སྡེ་མཐའི་གྲམ་ཆུ་སྔོན་མོའི་ཟམ་ཐོག་བརྒལ་ཏེ།ཞིང་བར་ནས་རི་ལ་དྲང་ཐད་དུ་འཐེན་པའི་རྐང་ལམ་དུ་ཞུགས་མ་ཁད་ལ།ངའི་རྐང་བའི་སྤོ་ཤུགས་ལ་ཡང་ཤེད་ཤུགས་འཛོམས་ཤིང་ཟོར་ཡང་ལྡན་མོད།སྡེ་བ་དང་མདའ་རྒྱང་གཉིས་ཙམ་ཡོད་མེད་ཀྱི་སྡོང་ར་དེའི་ཉེ་འགྲམ་དུ་སླེབས་ལ་ཉེ་སྐབས།ང་ནི་དབུགས་འཚང་ཞིང་ལུས་ནས་རྔུལ་ཆུ་བརྡོལ་མགོ་བརྩམས་ལ།གློ་བ་ནི་མེ་ཡིས་སྲེག་པ་བཞིན་དབུགས་ཀྱི་འབྱིན་རྔུབ་ཇེ་དྲག་ཏུ་སོང་བ་དང་སྙིང་གི་འཕར་ལྡིང་ཡང་ཇེ་མགྱོགས་སུ་གྱུར།སྐབས་འདིར་ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་དང་མི་མཚུངས་པར་ནང་ལོགས་ནས་མཐོ་སྒང་དུ་ཡུལ་སྐོར་ལ་ཡོང་བའི་རྒྱ་མི་ཞིག་ལྟར་མགོ་ཡུ་འཁོར་ཞིང་མིག་ཀྱང་རབ་རིབ་ཏུ་གྱུར།དབུགས་འཚང་ཤུགས་ཟད་ཅིག་གིས་རྐང་བ་ཡར་ལ་འདེགས་དཀའ་བས་ཏབ་ཅིག་ལམ་དུ་འགྲེང་སྟེ་ལུས་སྒུར་སྒུར་ངང་གློ་ལུ་རྒྱག་བཞིན་ངལ་མི་གསོ་ཀ་མེད་བྱུང་།ཡིན་ཡང་སྐབས་འདིར་ལོ་ན་བཅུ་གཉིས་ཀྱི་བུ་ཆུང་ཁོ་སུག་བཞི་རླུང་ལ་སྒྱུར་བའི་རི་དྭགས་ཤིག་ལྟར་སྔོན་ནས་སྔོན་དུ་བདེ་ཞིང་ཡང་མོར་སྐྱོད་ཀྱིན་གདའ།ཁོས་སྐབས་སྐབས་སུ་མར་འཁོར་ཏེ་རྗེས་ན་དཔྱིད་ལུག་ནད་པ་ཞིག་ལྟར་དབུགས་ཧལ་ཧལ་འབྱིན་པའམ་འདམ་གྱི་སྦལ་བ་བཞིན་རྐང་བ་དྲུད་དེ་ཡོང་བ་ལྟ་བུའི་ང་ལ་ཕྱིར་ལྟ་རེ་བྱེད།མགྱོགས་པའི་འགྲོས་ཀྱི་ཁོས་བུལ་བའི་འགྲོས་ཀྱི་ང་ལ་བསྟུན་ཅི་ཐུབ་བྱེད་ཀྱིན་འདུག་པས།སུས་མཐོང་ན་ཕས་བུ་རི་བསང་དུ་འཁྲིད་པ་མིན་པར་བུ་ཡིས་ཕ་འཁྲིད་དེ་འགྲོ་བ་ཅིས་ཀྱང་འདོད་ངེས།ད་ནི་སྔོན་ཆད་ཀྱ་ཙེ་གོམ་ཙེ་སློབ་ཀྱིན་ཕ་མ་གཉིས་ཀྱི་རྗེས་སུ་ཅི་ཆོད་བྱེད་པའི་ན་ཕྲ་ཁོས་ད་ལྟ་ཕ་རུ་འབོད་པ་ང་རང་རྗེས་སུ་བསྐྱུར་བའི་ཚད་ལ་སོན་པར།ང་ཧ་ལས་རྒྱུ་ཞིག་བྱུང་ལ།ཡང་འཚར་ལོངས་འབྱུང་བཞིན་པའི་བུ་ཆུང་གི་ཕྱོགས་སུ་ལྟ་བཞིན་སྤྲོ་སྣང་དང་ཡིད་སྨོན་ཞིག་ཀྱང་ཅིག་ཅར་དུ་སྐྱེས་མོད།ལོ་ཞེ་བཞི་ལ་བུད་མ་ཐག་གི་དར་མ་རང་ཉིད་འདི་ལྟར་རྗེས་སུ་བསྐྱུར་བར་ངོ་གནོང་དགོས་བྱུང་།ཁོག་དཔུང་ཞིག་གིས་རྐང་བ་ཡར་འདེག་བཞིན་གོམ་པ་ཤུགས་ཀྱིས་མདུན་དུ་བསྒྱུར་མོད།བུ་ཆུང་ནི་སྔར་བཞིན་བདེ་མྱུར་འགྲོས་ཀྱིས་སྐྱོད་པས།སྐབས་རེར་ང་ལ་ངལ་དུབ་ཀྱིས་འཚིག་པ་ཟ་རྒྱུ་ཞིག་ཀྱང་བྱུང་བས།བུ་ཆུང་ལ་ཁྱོད་མགྱོགས་སོང་ཞེས་འཁང་གཏམ་རེ་ཡང་ཁ་ནས་ཐལ།དེ་ལྟར་ངལ་གསོ་ཞོར་བདེ་ལམ་གཏད་དེ་སོང་མཐར་གཞི་ནས་དུང་མགོ་རྟེན་དྲུག་གི་མགོ་རུ་འབྱོར།ངེད་གཉིས་ཀྱིས་སུ་རུ་མེ་ལ་བསྒྲོན་ཞིང་བསང་རྩི་གཏོར།ཐོག་ལ་ཆབ་ཀྱིས་བྲན་པའི་སྐབས་སུ།ཉིན་འདིའི་ཉི་རྩེ་དང་པོ་ཡང་དཔལ་མཁར་རི་བོའི་གཡས་ཀྱི་ཕྲག་ག་ནས་འཛུམ་བྱུང་ལ།ལྷ་བསང་གཏོང་བའི་ཕ་སྤད་གཉིས་ཀྱི་ལུས་ལ་དྲོད་ལམ་ལམ་གྱི་གསེར་ཁུ་ཞིག་བྱུགས་པའི་མུར།ཉི་མའི་དྭངས་ཟེར་དེས་དབང་བོ་བདེ་བས་སིམ་པར་བྱས།དེ་ནས་ངེད་གཉིས་ཀྱིས་བསང་ལ་སྐོར་བ་རྒྱག་བཞིན་རླུང་རྟ་ཤུགས་ཀྱིས་མཁའ་རུ་སྤུར་ལ།ཀི་བསོ་བསོ་ལྷ་རྒྱལ་ལོ་ཡི་ཀི་འབོད་ལན་མང་བསྒྲགས་པ་ཡིན།བསང་ཕུད་ཚར་བ་དང་ངེད་གཉིས་ཀྱིས་ཕྱོགས་ཡར་མར་ལ་མིག་གཡེང་བྱས།ད་ལྟ་དཔྱིད་དྭངས་གསལ་ཡོལ་ཏེ་འབྲུ་ཆར་གྱི་དུས་ལ་སླེབས་ནའང་།དགུན་ཟླ་རིང་མོ་དེ་ད་དུང་ལུང་མདའ་དང་རི་ཚོགས་ཀྱི་ཕག་རྒྱབ་ཏུ་ཡལ་མེད་པར་རུ་ཁུག་འདི་རུ་ལུས་ཡོད་པ་འདྲ།སྒང་འདི་ནས་གང་སར་བལྟས་ན།མདུན་རིའི་ངོས་དང་འདབས་རོལ།གཤོང་ཁུད་དག་སྣུམ་མིན་སྐྱ་མདོག་ཏུ་ཤར་ན་ཡང་།ལག་མཐིལ་གྱི་འབྲུ་སིལ་རྡོག་པོ་གཅིག་ལྟར་ཡོངས་སུ་གསལ་བའི་རི་འདབས་ཀྱི་སྡེ་བའི་ལྷོད་བག་དེ་མཐོང་བ་ན།ང་ལ་ཕ་ཡུལ་གྱི་མང་པོ་ཞིག་མ་འགྱུར་སོ་ན་གནས་པའི་ཡིད་ཆེས་ཤིག་བྱིན་ལ།གྲམ་ཆུ་སྔོན་མོའི་ཕ་རོལ་ཚུ་རོལ་དུ་བཀོད་པའི་ཁང་ཁྱིམ་དག་གིས་ང་ལ་རང་གི་གློ་སྙིང་དང་ཉེ་བའི་དགའ་བདེ་ཞིག་བསྩལ་བྱུང་།

   བུ་ཆུང་དང་ངེད་གཉིས་ཁ་བརྡ་བྱེད་ཞོར་ཕྱིར་རི་ནས་མར་བབས།ལམ་བར་དུ་ཁོས་ང་ལ་སློབ་གྲྭའི་ནང་གི(ངེད་བཟའ་ཟླ་གཉིས་འབྲོག་ན་གནས་བཅས་ཡོད་མོད།རྐྱེན་སྣ་ཚོགས་ཀྱི་དབང་གིས་བུ་ཆུང་ལོ་རིམ་གཉིས་པ་ནས་བཟུང་ཕ་ཡུལ་གྱི་བོད་ཡིག་སློབ་ཆུང་ཞིག་ཏུ་བཅོལ་བ་ཡིན)མཐོང་ཐོས་སྣ་ཚོགས་ཀྱང་གླེངས་བྱུང་།སྡེ་བའི་ཚུར་ག་འདིར་གསར་དུ་བསྐྲུན་པའི་སློབ་གྲྭ་དེ(སྔོན་ཆད་ང་ཚོ་ས་ཆའི་ཞིང་སྡེའི་སློབ་ཆུང་མང་པོ་ཞིག་སྡེ་བ་གཞན་གྱི་སློབ་གྲྭ་དང་ཟླ་སྒྲིལ་བྱས་ཏེ་མེད་པར་བྱས་མོད།གཞེས་ནིང་ལོ་ནས་ཕྱིར་སྡེ་བ་སོ་སོར་བསྐྱར་འཛུགས་བྱེད་ཀྱིན་འདུག)སྟོན་བཞིན་ཁོ་དང་ན་མཉམ་གྱི་བྱིས་པ་སྐོར་ཞིག་ནང་དུ་འཛུལ་ཏེ།རྒོད་གཤིས་མངོན་པ་དེ་གླེངས་པར་ངས་ཀྱང་དུས་ཐོག་ཏུ་བྱ་སྤྱོད་དེ་དག་མི་འགྲིག་ཚུལ་བསྟན་ནས་ཕ་ཞིག་གི་ཚུལ་དུ་ལེགས་ལམ་དུ་བཀྲི་བའི་སློབ་གསོ་རེ་བཏང་།ད་ནི་སྡེ་བ་དང་ཇེ་ཉེ་ནས་ཇེ་ཉེར་འགྲོ་བཞིན་འདུག འོ།ད་ཅི་བསང་ལ་འགྲོ་དུས་བྲེལ་འཚུབ་ཀྱིས་མཉམ་མ་བཞག་པ་མ་གཏོགས་ཆུ་འདྲེན་ཐུབ་པའི་གཤིན་ས་འགའ་རེ་ན་སྔོ་སྐྱེས་པ་མཐོང་། ལྗང་མྱུག་དེ་དག་ཉི་མའི་ཟེར་ཕྲེང་འོག་ན་བུས་པའི་ནེའུ་སྐྲ་བཞིན་རྣང་མ་རེ་ན་སྣུམ་ཤིག་ཤིག་ཉམས་དགའ་བའི་ལྗོངས་ཀྱི་བཀོད་པར་ཤར་བས་ལྟ་འདོད་ཡང་ཡང་སྐྱེས།ཕ་ཡུལ་དུ་རི་བསང་ལ་ཐེངས་གཅིག་སོང་བ་ཙམ་གྱིས་ཀྱང་བྱེས་པ་ང་ལ་འདོད་དོན་ཞིག་འགྲུབ་སོང་བའི་བདེ་བ་ཞིག་ལུས་ལ་འཕེལ་བར་བྱས་ལ།ལྷག་ཏུ་བུ་ཆུང་དང་མཉམ་དུ་སོང་བ་འདིས་ང་ལ་དོན་ཆེན་ཞིག་འཁྱོངས་པའམ་སྟོང་ཆ་གང་ཞིག་བསྐངས་སོང་ལྟའི་དགའ་མགུ་ཞིག་སྐྱེས་བྱུང་། བུ་ཆུང་ཁོ་ལ་མཚོན་ན་ཡང་། དེ་འདྲ་ཅི་ལ་མིན། ཕ་དང་མཉམ་དུ་རི་བསང་དུ་བསྐྱོད་པ་ནི་རི་ལུང་སོ་སོ་ན་བྲལ་གདུང་མྱོང་བའི་ཕ་བུ་གཉིས་པོའི་ལུས་སེམས་ཉེ་ནས་ཉེ་རུ་སྦྲེལ་བའི་སྐབས་བཟང་པོ་དེ་ཡིན་ལ།ཕའི་ལུས་ངག་གི་སྤྱོད་པ་དངོས་ཀྱིས་སྲོལ་བཟང་པོ་ཞིག་གི་རྒྱུན་སྐྱོང་ཐབས་བསླབས་པ་ཡིན་པས།ཆུང་ཆུང་འདིའི་དྲན་ངོས་སུ་ཉར་རྒྱུའི་ནོར་བུ་འོད་འཚེར་ཞིག་དང་། ཆེ་རུ་སོན་དུས་ཕྱིར་དྲན་རི་བའི་རྐང་རྗེས་ཤིག་ཀྱང་ཕ་ཡུལ་གྱི་མདུན་རིའི་ངོས་སུ་བབས་ཡོད་སྙམ། དེ་རིང་ངས་ཁ་བྱང་ལ་ བཞི་པའི་ཉེར་དགུ་ཉིན་བུ་ཆུང་དང་མཉམ་དུ་རི་བསང་ལ་སོང་ཟེར་བའི་རྩོམ་ཐུང་འདི་བྲིས་ཚར་བ་ན།ཡུན་རིང་ཡིད་ལ་བཅགས་པའི་འདོད་དོན་གང་ཞིག་མངོན་དུ་འགྱུར་བའི་བདེ་དགའ་སྤྲོ་གསུམ་ཟད་མི་ཤེས་པ་ཞིག་འཕེལ་བྱུང་ངོ་།།


  • ལེ་ཚན་སྔོན་མ།:རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག
  • ལེ་ཚན་རྗེས་མ།:དུས་ཚིགས་བཞི།