རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག

    ཨོ་རྒྱན་དོན་གྲུབ།    2018-08-13

རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག

ལི་ཐང་བརྒྱད་པའི་རྒྱལ་སྤྱིའི་རྟ་རྒྱུག་ཆེན་མོར་ཕྱིན་པའི་སྐོར།

རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག

 གླིང་སྒྲུང་གི་བཤད་པ་རྣམ་བདུན་ལས། རྟ་འདོ་བའི་རིགས་ལ་རྣམ་བཞི་ཡོད།། འདོ་བའི་རིགས་དེ་རིང་ན་བཟང་།། བེ་གཏོའི་རིགས་དེ་གར་ན་བཟང་།། མུ་ཁེངས་རིགས་དེ་སྦམ་ན་བཟང་།། གྱི་ལིང་རིགས་དེ་ཡང་ན་བཟང་། ། ཞེས་པ་དང་། ཡང་། རྟ་རབ་རེ་རེའི་མགོ་བོ་ལ།། སེམས་ཅན་བདུན་གྱི་མགོ་རྣ་སྲིད།། བྲེ་སེར་འབྲོང་གི་དཔྲལ་ཞིང་དང་།། རུས་སྦལ་རྒྱ་བོའི་མིག་ཕམ་ལ།། ཞེ་སྡང་སྦྲུལ་གྱི་མིག་འབྲས་དང་།། སེང་གེ་དཀར་མོའི་སྣ་ཁུང་དང་།། དམར་ཡག་སྟག་མོའི་ཁ་ཤ་དང་།། རྣ་བ་རྒོད་ཀྱི་ཐུལ་ཕྲན་དང་།། འཇུ་རུ་ཤ་བོའི་མ་ནེ་སྟེ།། སེམས་ཅན་བདུན་གྱི་མགོ་རྣ་ཚང་།། ཞེས་སོགས་རྟ་མཆོག་གྱི་ལིང་གི་གཟུགས་གཞིའི་ཆགས་ལུགས། རྨིག་བཞིའི་བཟང་ངན། སྤུ་ཡི་བཤད་པ། སོ་ཡི་བཤད་པ། སྣོད་ཀྱི་བཤད་པ། གདོང་གི་བཤད་པ། སྣ་དང་རྣ་བའི་བཤད་པ། ལུས་ཕུང་ཤ་ཡི་འགྱུར་བུ་བཅོ་བརྒྱད་སོགས་རྟ་མཆོག་གི་བཤད་པ་ནི་བོད་ཀྱི་ལོ་རྒྱུས་དང་སྒྲུང་། ངག་རྒྱུན། གོམས་གཤིས་སོགས་སུ་འོ་ཆུ་གཅིག་ཏུ་འདྲེས་པ་ལྟ་བུ་བྱུང་ནས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་ལ། བོད་དུ་འགྲོ་བ་མིའི་རིགས་བྱུང་སྟེ་རི་ཡི་འབྲོང་དང་རྐྱང་བཏུལ་ཞིང་གཡུང་དུ་ཕབ་སྟེ་བྲན་དུ་བཀོལ་ཤེས་པ་ནས་བཟུང་རྟ་མཆོག་གྱི་ལིང་ཞེས་བོད་ཀྱི་འགྲོ་བའི་རིགས་ལ་ལོ་ངོ་ཁྲི་སྟོང་མང་པོའི་རིང་ལ་ཞབས་ཞུ་དང་ཕན་བདེ་བསྒྲུབས་ཏེ་རི་ཀླུང་དང་ཐང་ཆེན་བརྒྱུད་དེ་ཡོང་བ་ནི་ཅི་འདྲའི་བཀའ་དྲིན་ཆེ་བ་ལ་ཨང་།།

རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག
རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག

ང་ཚོ་བོད་ཀྱི་མི་རིགས་ནི་རྟ་མཆོག་གོང་གི་མི་རིགས་ཞེས་གྲགས་པ་དེའང་དོན་དང་ལྡན་ལ་ཅི་འདྲའི་མིང་དོན་མཚུངས་པའི་ཐ་སྙད་ཡིན་ལ།  ཐེངས་འདིར་ངེད་ཅག་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གཉིས་པའི་འདུ་འཛོམས་ཀྱི་གོ་སྐབས་དང་བསྟུན་ནས་ཁམས་ཀྱི་ཡུལ་གྲུ་རིང་མོའི་མཐིལ་དུ་ཆགས་ཤིང་གངས་རིའི་སྐྱེས་ཆེན་དམ་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་དངོས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ཞིང་ས།  རྒྱལ་མཆོག་བདུན་པ་ཆེན་མོ་བསྐལ་བཟང་རྒྱ་མཚོ་དང་བཅུ་པ་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་གོ་འཕང་ལ་མངའ་བརྙེས་པའི་གངས་རིའི་སྐྱེས་ཆེན་ཁོང་ཅག་གི་འཁྲུངས་ཡུལ་ཁམས་ཀྱི་ལི་ཐང་ཞེས་སྙན་གྲགས་བ་དན་མཁའ་ལ་བསྒྲེངས་བའི་ཞིང་ནས་ལྷན་འཛོམས་བྱུང་། ལི་ཐང་ནི་རྟ་མཆོག་གི་ཕ་ས་དང་རྐྱ་རྩལ་གྱི་ཡུལ་གྲུ་ཞེས་གྲགས་པ་འབར་བའི་གནས་དེ་ཡིན་པས། ངེད་ཅག་ཡུལ་ཁམས་འདིར་འབྱོར་དུས་རྫོང་འདི་གའི་ལོ་གཅིག་གི་དམངས་སྲོལ་དུས་ཆེན་ཏེ་ལི་ཐང་བརྒྱད་པའི་རྒྱལ་སྤྱིའི་རྟ་རྒྱུག་ཆེན་མོ་དེའི་མཚར་སྡུག་ལ་རོལ་མྱོང་གི་གོ་སྐབས་ཐོབ།


རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག
རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག
རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག

རྫོང་འདི་ནི་རོང་འབྲོག་གི་འཚོ་བ་ཟུང་ལྡན་གྱི་རྫོང་ཞིག་ཡིན་ལ། རྟ་མཆོག་གོང་ནས་ལག་ཆགས་པའི་ཡུལ་ཁམས་འདི་ཡི་སྐྱེ་བོ་དག་གིས་རྟ་འདོ་བའི་རིགས་ནི་གྲོགས་སུ་བརྟེན་ཞིང་གཉེན་དུ་བསྒོམས་ནས་ཡོད་ལ། ཁོང་ཅག་གི་འཚོ་བ་ནི་རྟ་མཆོག་དང་འབྲལ་མེད་ཡིན་ལ། རྟ་འདོ་བ་ནི་ཁོ་ཚོའི་སེམས་སུ་ཆེས་སྙིང་ཉེ་བའི་གྲོགས་བཟང་པོ་དེ་ཡིན།

རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག
རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག
རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག
 

ཡུལ་ཤོག་སོ་སོའི་རྟ་རྩལ་རུ་ཁག་གིས་ཕྲེང་བསྒྲིགས་ནས་ལི་ཐང་རྟ་རྒྱུག་ཐང་ཆེན་ནས་བཤར་ཞིང་།  རྩ་འཛུགས་པའི་བཀོད་སྒྲིག་ལྟར་ཡུལ་ཤོག་སོ་སོའི་རྟ་རྩལ་བ་དག་གིས་ལྟད་མོ་བ་ཁྲི་འབུམ་འདུས་པའི་དབུས་ནས་སོ་སོའི་རྟ་མཆོག་གི་རྩལ་ངོམས་བཞིན། རྟ་མཆོག་རྒྱུག་ཞོར་དུ་འབེན་ལ་བོའུ་དང་མདའ་ཡིས་བརྒྱབ་པ། ས་ནས་དར་ལེན་པ། མགོ་ཚག་གཏོང་བ། ༼ཡུལ་སྐད་ཅིག་སྟེ། རྟ་ཐོག་ནས་མགོ་དང་ཕྲག་སྟོད་ཐང་ལ་དྲུད་དུ་འཇུག་པའི་རྟ་རྩལ་བྱེ་བྲག་ཅིག༽རྒྱུག་བཞོན་སོགས་རྟ་འདོ་བའི་གོང་གི་རྐྱ་རྩལ་རེ་རེ་ལྟད་མོ་བ་དག་གི་མིག་གི་ལོངས་སྤྱོད་དུ་བསྩལ་ཚེ། རྐྱ་རྩལ་འདི་དག་ལ་ཧ་ལས་དགོས་པའི་ཚོད་དུ་སྣང་། དེང་སྐབས་ལྟར། ཚད་ལྡན་གྱི་རྟ་མཆོག་གསོ་སྦྱོང་དང་རྟ་རྩལ་ར་བ་ཞིག་ནས་རྟ་རྩལ་སྐོར་ལ་ཆེད་སྦྱོང་གི་ལས་ཀར་ཉིན་གཅིག་ལའང་ཞུགས་མ་མྱོང་ཞིང་། དམིགས་བསལ་གྱི་སྦྱོང་ཁྲིད་པ་གཅིག་གིས་མཛུབ་སྟོན་ཀྱང་ཐོབ་མྱོང་མེད་པའི་གསར་བུ་འདི་དག་གི་རྟ་འདོ་བའི་གོང་གི་རྐྱ་རྩལ་རེ་རེས་རྒྱལ་ཕྱི་ནང་གི་ལྟད་མོ་བ་ཀུན་གྱི་ཡིད་ཀྱི་བརྟན་པ་འཕྲོག་ཅིང་སེམས་ཀྱི་དང་བ་འདྲེན།

རྟ་མཆོག་གོང་གི་རྩལ་འདི་དག་མཐོང་ཐེངས་རེ་རེར་སེམས་སུ་བརྗོད་མི་ཤེས་པའི་ཚོར་བ་གཞན་ཞིག་སྟེར་ལ་། སྔོན་རབས་ཀྱི་མེས་པོ་དང་དཔའ་བོ་དག་གིས་རྟ་འདོ་བའི་གོང་ནས་མཐོ་བའི་རི་དང་དམའ་བའི་ཐང་ཆེན་བརྒྱུད་དེ་ཡངས་བའི་ས་ཆེན་པོའི་མཐིལ་དུ་ཞབས་རྗེས་བཞག་པའི་མཛད་པ་དེ་དག་ཀྱང་ཡིད་ལ་ཝ་ལེར་དྲན་ཡོང་ལ། དེ་དག་གི་སྙིང་སྟོབས་དང་དཔའ་སྤོབས་ཀྱིས་སྦྲུམ་པའི་དུས་རབས་ཀྱི་སྟོབས་ཤུགས་གཞན་ཞིག་ཀྱང་སེམས་བསམ་པའི་གདིང་ཞིག་ནས་འཁྲུངས་ཡོང་། །

ངེད་གསར་འགོད་པ་ཨོ་རྒྱན་དོན་གྲུབ་ཀྱིས་བྲིས་ཤིང་པར་བླངས།

རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག
རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག
རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག


  • ལེ་ཚན་སྔོན་མ།:ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།
  • ལེ་ཚན་རྗེས་མ།:བཞི་པའི་ཉེར་དགུ་ཉིན་བུ་ཆུང་དང་མཉམ་དུ་རི་བསང་ལ་སོང་།