ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།

རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ།        2018-08-13

ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།

ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།

སི་ཁྲོན་ལི་ཐང་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གཉིས་པའི་ཟུར་བྲིས།


       བགྲང་བྱ་སུམ་བརྒྱ་ལྷག་གི་ཡར་སྔོན་ཞིག་ལ་བོད་ལྷོ་མོན་ལ་འོག་ཡུལ་གསུམ་ནས་སྐུ་འཁྲུངས་པའི་ཁྱད་མཚར་བའི་རིག་པའི་ཁྱེའུ་ཞིག་གིས་དགུང་ལོ་བརྒྱད་ལ་ཕྱག་བྲིས་ཤོག་ཐོག་ཏུ་ཕབ་པ་དང་དགུང་ལོ་བཅུ་གཅིག་ཐོག་ཐོལ་བྱུང་དུ་རྟ་མགྲིན་ལ་བསྟོད་ཚིག་ཤོ་ལོ་ཀ་ལྔ་སྐོར་ཚིག་དོན་ཕུན་སུམ་ཚོགས་པ་ཞིག་བརྩམས་གནང་མཛད། སྐྱེས་སྟོབས་ཀྱི་དཔལ་མངའ་བའི་བུ་ཆུང་དེ་དགུང་ལོ་བཅོ་ལྔར་ཕེབས་སྐབས་གངས་རིའི་འགྲོ་བ་བསྐྱངས་བར་ཞལ་གྱིས་བཞེས་ཤིང་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་བའི་རྒྱལ་བ་དྲུག་པ་ཆེན་མོ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཞེས་དབུ་ནག་འགྲོ་བ་ཡོངས་ཀྱི་མི་རབས་ནས་མི་རབས་སུ་དྲན་ངོགས་ན་གསལ་བའི་སྤྱི་ནོར་ཆེན་མོ་དེར་གྱུར།

       ཁོང་གི་མཁྱེན་སྟོབས་ཀྱི་དཔལ་ལ་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས་ཤིང་གངས་རིའི་འགྲོ་བ་ཡོངས་ཀྱི་ཚད་མའི་སྐྱེས་བུར་གྱུར་པར་མ་ཟད། སྙན་ངག་མགུར་གྱི་ལས་ལ་མི་འཇིགས་པའི་གདེང་ཐོབ་ཅིང་རྩོམ་རྩལ་རིག་པའི་ཞིང་ན་ཤེས་རབ་ཀློང་དུ་རྡོལ་ཏེ་བོད་ཀྱི་སྙན་ངག་གི་དར་ཆ་ཆེན་མོ་དེར་གྱུར། རིག་འཛིན་གྱི་སྐྱེས་བུ་ཆེན་མོ་མཆོག་གི་ཐུགས་ཀྱི་བུམ་བཟང་ལས་བརྡོལ་བའི་མགུར་གླུའི་ཤོ་ལོ་ཀ་རེ་རེ་གངས་རིའི་འདབས་དང་རྩྭ་ཐང་གི་གཞུང་ནས་ཆས་ཏེ། མཐོ་བ་བྲག་རིའི་རྩེ་མོ་དང་དམའ་བ་རྒྱ་མཚོའི་འཇིངས་སུ་ཁྱབ་པས་མ་ཚད། ཨེ་ཤ་ཡའི་གླིང་དང་གླིང་ཕྲན་བརྒལ་ནས་འཛམ་གླིང་ཤར་ལྷོ་ནུབ་བྱང་གི་ཡུལ་གྲུ་སོ་སོར་རླུང་ལྟར་ལྡིང་ཞིང་ཆར་ལྟར་འབབ། རྗེས་སོར་མཚན་ལ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་གྲགས་ཤིང་ཚད་མའི་སྐྱེས་བུ་ཆེན་མོ་ཁོང་གི་ཤུལ་བཞག་གི་ནོར་བུ་རིན་པོ་ཆེ་འོད་འབར་མ་ཞིག་ཏུ་གྱུར། དུས་རབས་ཀྱི་བར་མཚམས་འདི་ནས་འཛམ་གླིང་སྒང་ན་འོད་ཀྱིས་འཚེར་ཚེ་རིགས་མི་འདྲ་བའི་མི་རིགས་གང་མང་གི་ཡིག་རིགས་སུ་འགྱུར་ཞིང་མི་རིགས་དེ་དག་གིས་ཀྱང་བདག་གཅེས་དང་དོ་ཁུར་གནང་བཞིན་པ་འདི་ནི་ནོར་བུའི་ནོར་ཉམས་ཆོད་སོང་བ་ལོས་ཡིན།


ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།


      “བྱ་དེ་ཁྲུང་ཁྲུང་དཀར་པོ།། གཤོག་རྩལ་ང་ལ་གཡོར་དང་།། ཐག་རིང་རྒྱང་ལ་མི་འགྲོ།། ལི་ཐང་བསྐོར་ནས་སླེབ་ཡོང”ཞེས་པའི་མགུར་གླུ་ཤོ་ལོ་ཀ་དེའི་བྱིན་རླབས་དང་ནུས་མཐུའི་ཐུགས་རྗེ་ལ་བརྟེན་ནས་བོད་མདོ་དབུས་ཁམས་གསུམ་གྱི་སྨྱུག་ཐོགས་པ་སྐོར་ཞིག“ལ་དེ་རྒོད་དཀར་ལ་མོ།། འཛེག་ཀྱིན་འཛེག་ཀྱིན་ཕྱིན་པས།། གངས་རི་ཞུ་བའི་ཆུ་སྣ།། དང་ལའི་རྐེད་དུ་མཇལ་བྱུང” སྟེ། སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་དེ་ཁམས་ཀྱི་ཡུལ་གྲུ་རིང་མོའི་མཐིལ་དུ་ཆགས་ཤིང་གངས་རིའི་སྐྱེས་ཆེན་དམ་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་དངོས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ཞིང་ས།  རྒྱལ་མཆོག་བདུན་པ་ཆེན་མོ་བསྐལ་བཟང་རྒྱ་མཚོ་དང་བཅུ་པ་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་གོ་འཕང་ལ་མངའ་བརྙེས་པའི་གངས་རིའི་སྐྱེས་ཆེན་ཁོང་ཅག་གི་འཁྲུངས་ཡུལ་ཁམས་ཕྱོགས་ནོར་འཛིན་མ་མའི་ས་ཡི་ལྟེ་བར་ཆགས་པའི་ཁམས་ལི་ཐང་ཞེས་སྙན་གྲགས་བ་དན་དཀར་པོ་མཁའ་ལ་བསྒྲེངས་བཞིན་ཡོད་པའི་ཁམས་ཀྱི་ལི་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ་པའི་གཡོན་ཟུར། མུ་མེད་འབུམ་ནག་རྩྭ་ཐང་གི་རྒྱུད་ནས་ལྷན་འཛོམས་བྱུང་ཞིང་། གངས་རིའི་སྐྱེས་ཆེན་དམ་པ་རིག་འཛིན་ཚངས་རྒྱ་མཚོ་ཁོང་ལ་དྲན་གསོ་ཐེངས་ཤིག་བྱས།

     མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་དང་དར་སྤེལ། དེ་བཞིན་དཀར་མཛེས་ཁུལ་དང་ལི་ཐང་རྫོང་གི་མཚན་སྙན་ཡོངས་ཁྱབ་དང་རང་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཅས་ཡོང་བའི་ཆེད་དུ་གོང་རིམ་འབྲེལ་ཡོད་ལས་ཁུངས་དང་ཤེས་ལྡན་གྱི་དབུ་ཁྲིད་དག་གི་ཡང་དག་པའི་ལམ་སྟོན་འོག་ནས་རིག་གནས་རང་བཞིན་གྱི་བྱེད་སྒོ་འདི་དག་སྤེལ་དང་སྤེལ་བཞིན་ཡོད་པ་རེད། ༢༠༡༨ལོའི་སི་ཁྲོན་ལི་ཐང་གི་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་སྤྱི་ཟླ༨པའི་ཚེས༢ཉིན་གྱི་དགོང་མོར་ཁམས་ལི་ཐང་གི་ཁམས་ལྷོ་བྱེད་སྒོ་ལྟེ་གནས་སུ་སྤེལ་ཞིང་། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཡུས་ཞིང་། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་འགྱུར་མེད། ལི་ཐང་རྫོང་གི་ལས་ཁུངས་ཆེན་མོ་བཞི་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དག་བྱེད་སྒོའི་ཡུལ་དངོས་སུ་ཞུགས།


ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།

       བྱེད་སྒོའི་ཡུལ་དངོས་སུ་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་མཆོག་གིས་ཕ་སྐད་རྣལ་མའི་སྨྲ་བརྗོད་དག་མོས་ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་གྱི་འགྱུར་ཁུགས་དང་བསྟུན་ནས་ས་ཆེན་པོའི་ལི་ཐང་གི་ཞིང་ནས་སི་ཁྲོན་ལི་ཐང་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ལི་ཐང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲེན་ཞན་ཧྥེང་གིས་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་གནང་མཛད།

       བྱེད་སྒོའི་ཐོག་ཏུ་སྤྱི་ལོ༢༠༡༧ལོར་སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གསར་འཛུགས་བྱས་ཏེ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་ལི་ཐང་ནས་ཚངས་དབྱངས་རྒྱ་མཚོར་མཇལ་བ་ཞེས་པ་བརྗོད་སྙིང་དུ་བཟུང་ནས་སྙན་ངག་འགྲན་བསྡུར་སྤེལ་བར་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་དག་ལ་བྱ་དགའི་གཟེངས་རྟགས་གནང་ཞིང་། མུ་ནས་རྒྱལ་ཡོངས་ཀྱི་སྙན་ངག་པ་དང་རྩོམ་པ་པོ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་ཁ་གཏད་དེ་ལི་ཐང་ནས་ཚངས་དབྱངས་རྒྱ་མཚོར་མཇལ་བ་ཞེས་པ་སྙན་རྩོམ་གྱི་བརྗོད་བྱ་རུ་བཟུང་ནས་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་འགྲན་ཚོགས་འདི་སྤེལ་བཞིན་ཡོད་པ་རེད།

       ཐེངས་འདིར་ཉིན་གསུམ་གྱི་རིང་ལ༢༠༡༨ལོའི་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་པའི་གསོ་སྦྱོང་འཛིན་གྲྭ་འཚོགས་པ་དང་།  སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ལི་ཐང་རྫོང་རྩོམ་པ་པོ་མཐུན་ཚོགས་དབུ་བརྙེས་པའི་མིང་རྟགས་གནང་བ་དང་། བོད་ཁུལ་གྱི་མིང་གྲགས་ཅན་གྱི་གླུ་པ་གླུ་མ་དག་གི་གླུ་གཞས་དགོང་ཚོགས་འཚོགས་པ། ལི་ཐང་བརྒྱད་པའི་རྒྱལ་སྤྱི་རྟ་རྒྱུག་ཆེན་མོ་སོགས་ཀྱི་རིག་རྩལ་རྣམ་གྲངས་གཞན་པ་གང་མང་གི་བྱེད་སྒོ་སྤེལ་ཡོད་པ་རེད།


ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།     

       བོད་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་སྐོར་ཞིག་ཡུལ་ལི་ཐང་གི་ཞིང་དུ་བྱ་དེ་ཁྲུང་ཁྲུང་དཀར་པོའི་གཤོག་རྩལ་དང་འགྲོགས་ནས་ལྷན་འཛོམས་བྱུང་ཞིང་། ཞིང་མཆོག་འདི་ནས་རིག་འཛིན་གྱི་སྐྱེས་བུ་ཆེན་མོ་ཁོང་རྗེས་སུ་དྲན་ཞིང་། རབ་ཏུ་དྲན། ཤིན་ཏུ་དྲན། དྲག་ཏུ་དྲན། སླར་ཡང་ལི་ཐང་བསྐོར་ནས་ལོག་དགོས་ཐུག་དུས“བསམ་ཡས་དེ་ཕོ་དཀར་པོ།། བྱ་སྐད་སྔ་པོ་མ་རྒྱོབ།།  ང་དང་ཆུང་འདྲིས་བྱམས་པ།། སྙིང་གཏམ་ཤོད་འཕྲོ་ལུས་ཡོད”ནའང་ལས་དང་སྨོན་ལམ་གྱིས་ལྷན་དུ་འཛོམས་རུང་བྱ་བའི་ལས་རྐང་གིས་སླར་ཡང་བྲལ་དགོས་པས་སོ་སོའི་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཟབ་མོ་ཞིག་གིས་ཀུན་ནས་བཏུམས་ཤིང་དད་ཞེན་གྱི་སེམས་པ་ཆགས་ཏེ“དབུས་ཀྱི་རི་རྒྱལ་ལྷུན་པོ།། མི་འགྱུར་བརྟན་པོར་བཞུགས་དང་།། ཉི་མ་ཟླ་བའི་འཁོར་ཕྱོགས།། ནོར་ཡོང་བསམ་པ་མི་འདུག”པས་ཡུལ་འདི་གར་སྨྲ་མི་ཤེས་པའི་དུངས་ཞེན་ཟབ་མོ་ཞིག་གིས་ཀུན་སྦྲུམ་ཞིང“སྲོད་ལ་བྱམས་པ་བཙལ་བས།། ཐོ་རངས་ཁ་བ་བབས་བྱུང་།། གསང་དང་མ་གསང་མི་འདུག། ཞབས་རྗེས་གངས་ལ་བཞག་འདུག”པའི་ཆགས་ཞེན་གྱི་ཕྱི་མིག་ཡང་ཡང་འཕེན་གྱིན་སོ་སོར་གྱེས།།


ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།

  • ལེ་ཚན་སྔོན་མ།:འཆམ་མཐུན་གྱི་རྩེ་གཞུང་།
  • ལེ་ཚན་རྗེས་མ།:རྟ་འདོ་བའི་གོང་གི་ཡུལ་ཁམས་ཤིག