སེམས་ཁོང་གི་ཉི་མ།

སངས་རྒྱས་མཚོ་མོ་ཆུང་བ།        2018-06-20

    ལྟོས་དང་། ནོར་འཛིན་སྒེག་མོའི་ཞོལ་ཟུར་ནས། དཀའ་སྡུག་གི་ངལ་བ་ཕྲག་ཏུ་ཁུར། འཇིགས་སྐྲག་གི་བར་ཆད་ཐད་ཀྱིས་བཅད་ནས། བྱམས་བརྩེ་ཡི་བཞིན་མདངས་མངོན། ཉམས་མེད་ཀྱི་རང་སྟོབས་འབར་བའི་སེམས་ཁོང་གི་ཉི་མ་གཞི་ནས་སླེབས་བྱུང་།

    ཁོས་ཟང་ཟིང་དུ་གྱུར་བའི་ཁོར་ཡུག་འདིར་ལྷིང་འཇགས་ཀྱི་ཞིང་ཁམས་བསྐྲུན། འཁྱགས་ཉུལ་དུ་གནས་པའི་མགོན་མེད་ཀྱི་མི་ཚོར་བདེ་སྐྱིད་ཀྱི་ཕ་གཞིས་བསྐྲུན། རྗེས་ལུས་སུ་གྱུར་བའི་གནས་འདིར་ཤེས་རིག་གི་སྦྲང་ཆར་ཕབ།

    ཁོ་རང་སླེབས་པ་ནས་བཟུང་། གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་ཤིང་དག་འབྲས་བུ་ཁུར་དུ་ལྗིད་པའི་ལོངས་སྤྱོད་གསར་བའི་དགེ་མཚན་མངོན་ཏེ་སྣེ་ལེན་གྱི་སྟ་གོན་བྱེད་ཅིང་། རབ་དཀར་གཙང་པོས་རྒྱུད་མངས་ལྷང་ལྷང་དུ་དཀྲོལ་ནས་དགའ་བསུ་བྱེད་ལ། གདུགས་གུར་ཕབ་པའི་མེ་ཏོག་ཚོགས་ཀྱིས་ཡང་བའི་གར་སྟབས་ཀྱིས་མདུན་བསུ་ཞིང་གསེར་སྦྲང་གཞོན་ནུས་ཁྱེད་ལ་དཔའ་རྟགས་མངོན།

    ཀྱེ་སེམས་ཁོང་གི་ཉི་མ་ལགས། ཁྱེད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས། རྣམ་པར་དཀར་བའི་བྱམས་དང་བརྩེ་བ། ནམ་ཡང་འགྱུར་བ་མེད་པའི་རྟག་བརྟན་གྱི་བློ་གྲོས། ནམ་ཡང་ངའི་སེམས་ཁོང་དུ་འཆར་ལ་གུས་ཤིང་བསྟོད།

    ཀྱེ་ཀྱེ། སེམས་ཁོང་གི་ཉི་མ་ལགས། ཁྱེད་ནི་མུན་ནག་གི་ཁ་ལོ་བསྒྱུར་བའི་སྒྲོན་མེ། རྗེས་ལུས་ཀྱི་ཡུལ་གྲུ་འདིར་སྔོན་ཐོན་གྱི་ལམ་སྣ་འདྲེན་མཁན་ཡིན།

    ཁྱེད་ནི་བསྟོད་པའི་ཡུལ། བསྔགས་པའི་རྒྱུ་རུ་གྱུར་བས། ཁྱེད་རང་དུས་གཏན་དུ་རྟག་བརྟན་གྱིས་བཞུགས་པར་འཚལ།


  • ལེ་ཚན་སྔོན་མ།:ལྷ་སའི་ཇོ་བོ་མཇལ་དུ་ཕྱིན་པ།
  • ལེ་ཚན་རྗེས་མ།:དྲན་པ་ནས་མི་ཡལ་བའི་འདས་དོན་ཞིག