ལྷ་ལུང་ཀརྨ་ཤེས་རབ། 2018-06-29
ང་རང་སློབ་ཆུང་གི་སྒོ་ར་རུ་ཤེས་རིག་གི་མེ་ཏོག་འཐུ་བར་བརྩམ་ཉིན་ནས་བཟུང་སྦྱངས་བྱའི་རིགས་ཚན་ཁག་གི་སྦྱངས་འབྲས་ཨང་དང་པོ་ཤ་སྟག་ལོན་གྱི་ཡོད་པས། སྐབས་དེ་དུས་ཡིག་རྒྱུགས་གཏོང་རྒྱུར་ངས་དགའ་སྣང་ལས་ཞེད་སྣང་ཚོར་གྱི་མེད། ང་ཚོའི་སློབ་ཆུང་གི་རྒན་ལགས་ཚོར་སློབ་མའི་སྦྱངས་འབྲས་ལ་ཐུགས་ཁུར་གནང་སྟངས་སམ་རྒྱུགས་འབྲས་ལ་ཞིབ་རྩིས་རྒྱག་སྟངས་ཞིག་ཡོད་པ་དེ་ནི་གཞན་གྱི་སྣང་ངོར་མི་བདེ་བའི་དོན་དག་ཞིག་དང་སློབ་གྲོགས་ཚོའི་སེམས་ཤུགས་གསོད་པའི་ཐབས་སྡུག་ཅིག་ཏུ་སྣང་བས། སློབ་གྲོགས་ཚོར་དེ་དུས་ཅིས་ཀྱང་བསུན་སྣང་མི་སྐྱེ་བ་མི་སྲིད་སྙམ།
དེ་ཡང་ལོ་ལྟར་སློབ་གྲྭས་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་བཟང་པོ་གསུམ་ལྡན་སློབ་མ་དང་། ཕུལ་བྱུང་གདོང་ལེན་རུ་མི་སོགས་འདམས་ནས་གཟེངས་བསྟོད་སྐུལ་མ་བྱེད་པ་ཕུད། ནམ་རྒྱུན་རྒན་ལགས་ཚོས་སློབ་མར་གཟེངས་རྟགས་སྤྲོད་པ་དང་དེ་མིན་ཁྱད་ཆོས་དང་ཕན་ནུས་ལྡན་པའི་སྐུལ་མའི་ཐབས་ལམ་འཚོལ་ཞིབ་ལ་ཐུགས་སྣང་དེ་ཙམ་གནང་གི་མེད།
དེ་དུས་ངའི་སློབ་གྲོགས་ཚོ་ཡིག་རྒྱུགས་ལ་ཞེད་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ་རྨང་གཞི་ཅུང་ཞན་པའི་སློབ་མར་དམིགས་བསལ་ལྟ་རྟོགས་དང་ཟུར་ཁྲིད་གསབ་སྦྱོང་གནང་བའི་གོམས་སྲོལ་ཡེ་ནས་མེད་པས་རྒྱུགས་ཤོག་སྤྲོད་རན་དུས་སློབ་མ་སློབ་གྲྭ་ནས་དོན་ཏེ་རང་ཁྱིམ་ལ་བྲོས་བྱོལ་དུ་ཕྱིན་པའི་སྣང་ཚུལ་ཐོན་པའང་ཉུང་རྒྱུ་མེད།
ང་ཚོ་སློབ་ཆུང་སྐབས་ལོ་ལྟར་སློབ་དཀྱིལ་ཡིག་ཚད་དང་སློབ་མཇུག་ཡིག་ཚད། ད་དུང་དུས་ངེས་མེད་ཀྱི་ཚོད་རྒྱུགས་ཅེས་པ་ཐེངས་མང་གཏོང་དགོས་ཀྱི་ཡོད་ལ། སྐབས་དེ་དུས་ཡིག་རྒྱུག་ལེན་སྟངས་ཕལ་མོ་ཆེར་ངའི་སློབ་གྲོགས་ཚོས་མིག་ཆུ་གཏོང་དགོས་ཀྱི་ཡོད། ཡིག་རྒྱུགས་བཏང་གྲུབ་རྗེས་རྒན་ལགས་སོ་སོས་སྦྱངས་འབྲས་ཀྱི་ཨང་རིམ་བཞིན་སློབ་མའི་སྐར་གྲངས་དང་མིང་ལྷན་དུ་བོས་ཏེ་སློབ་ཁང་གི་རྒྱབ་མདུན་གང་རུང་གི་ནག་པང་འཁྲིས་སུ་ང་ཚོ་གྲལ་སྒྲིག་སྟེ་ལངས་དགོས་པ་དང་། དེ་ནས་སྐར་གྲངས་མཐོ་བས་དམའ་བར་བང་རིམ་བཞིན་འགྲམ་ལྕག་ཞུ་རུ་འཇུག་པ་དང་། ཕར་འགྲམ་ལྕག་ཚ་པོ་མ་ཞུས་ན་ཚུར་འགྲམ་ལྕག་སློག་དགོས་པའི་རེ་བ་འདོན་པ་མ་ཟད། ཐ་ན་སྐར་གྲངས་དམའ་ཤོས་དེས་གཞན་ལ་ཞུ་ས་མེད་པས་རང་གིས་རང་ལ་འགྲམ་ལྕག་རེ་ཡང་ཞུ་དགོས་ཀྱི་ཡོད། ཞིབ་མོར་བསམ་དུས་ངས་རྒན་ལགས་ཀྱི་བཀོད་པའི་འོག་སློབ་གྲོགས་ཚོར་འགྲམ་ལྕག་ཞུས་པ་གྲངས་ཀས་མི་ལོན་ཞིང་། སློབ་ཆུང་གི་འཚོ་བ་དྲན་ཐེངས་རེར་གདོང་ལ་གཙག་ཤད་འཐེན་པ་ལྟ་བུའི་ཚོར་སྣང་རྨས་མ་ཞིག་འཆར་འོང་བ་ལས་རྩུབ་ཀྱི་ཕན་ཡོན་ཞེས་པ་ཞིག་སློབ་གྲོགས་ཚོའི་མདུན་ལམ་གྱི་སྣེ་མོར་སྨིན་ཡོད་པའང་ངས་མ་ཤེས།
འཇམ་རྩུབ་རན་པའི་སློབ་གསོ་ནི་དཔེ་ཁྲིད་མི་སྐྱོང་གི་གལ་ཆེའི་ཐབས་ལམ་ཞིག་ཡིན་ཞིང་། འདི་ལྟར་བྱུང་ཚེ་ད་གཟོད་སློབ་མས་དགེ་རྒན་ལ་བཀུར་བ་དང་དགེ་རྒན་གྱིས་སློབ་མར་བྱམས་པའི་དགེ་སློབ་ཀྱི་འབྲེལ་བ་བཟང་པོ་ཞིག་འཛུགས་ཐུབ། སློབ་མའི་སྦྱངས་འབྲས་ཡར་རྒྱས་སུ་གཏོང་དགོས་ན་ངེས་པར་དུ་འཇམ་རྩུབ་རན་པའི་ཡར་སྐུལ་གྱི་སློབ་གསོའི་ཐབས་ལམ་ལ་སྣང་འཇོག་བྱེད་དགོས། ད་གཟོད་ཞིབ་མོར་བསམ་དུས་ཡིག་རྒྱུགས་ཚར་རྗེས་སློབ་མ་རྣམས་སྦྱངས་འབྲས་ཀྱི་གོ་རིམ་བཞིན་གྲལ་དུ་བསྟར་ནས་འགྲམ་ལྕག་གི་རྔན་པ་སྟེར་བ་ནི་སློབ་མ་ཚོའི་སེམས་ཁམས་ལ་འཕྲོད་དཀའ་བའི་བྱ་ཐབས་ཤིག་རེད་ཨང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10