ལྷ་སའི་ཇོ་བོ་མཇལ་དུ་ཕྱིན་པ།

རྣམ་གླིང་རིན་ཆེན།        2018-06-14

    ལོ་དེ་ལ། གཡང་ལུང་སྡེ་བར་གནས་ཚུལ་གསར་བ་ཞིག་ཡོད་པ་དེ་ནི་གསར་བུ་དོན་གྲུབ་ཀྱིས་ཁོ་རང་གི་ཨ་ཕ་ཁྲིད་དེ་གནས་མཆོག་ཉི་མ་ལྷ་སར་ལྷ་སའི་ཇོ་བོ་མཇལ་དུ་ཕྱིན་པ་དེ་རེད། སྡེ་བའི་ཡུལ་མི་ཚོས་ཨ་ཁུ་རྣམ་རྒྱལ་ལྷ་སར་སོང་བའི་གནས་ཚུལ་ཤེས་དུས། འགའ་རེས་རང་གི་སྨ་ར་དཀར་བོའི་ངོས་སུ་བྱིལ་བྱིལ་བྱེད་བཞིན་ཧ་ཅང་དགྱེས་པའི་ཉམས་ཀྱིས། “རྣམ་རྒྱལ་གྱིས་ཀྱང་ལྷ་ས་རིག་ཐུབ་སོང་། ངོ་མ་བསོད་ནམས་རང་རེད”ཅེས་རྗོད་བཞིན་ཁོ་ལ་ཡིད་སྨོན་བྱེད་པ་དང་། འགའ་རེས“ཅི་འདྲའི་བྱིས་པ་སྲི་ཞུ་ཅན་ཞིག་རེད་ཨང་”ཞེས་བཤད་དེ་ཁོ་ལ་བུ་ཕྲུག་བཟང་པོ་དེ་འདྲ་ཞིག་ཡོད་པར་བསྟོད་པ་བྱེད་ཀྱིན་འདུག ཡང་འགའ་རེས་མིག་ཟུང་ཅུང་ཟད་བཙུམས་ཏེ་འདང་རྒྱག་ཞོར།“ཨ་ཁུ་རྣམ་རྒྱལ་གྱིས་མི་ཚེ་གང་པོར་སྡིག་ལས་རྐྱང་རྐྱང་བསྒྲུབས་པས། ཁོས་ལྷ་སའི་ཇོ་བོ་མཇལ་ཨེ་ཐུབ”ཅེས་ལབ་གླེང་བྱེད་ཀྱིན་འདུག

    ཉིན་དེའི་ཞོགས་པར་ནམ་མཁའ་ནས་སྐྱ་རེངས་མ་འཆར་གོང་། མིག་མདུན་གྱི་ཁོར་ཡུག་མཐའ་དག་མུན་ནག་གི་ཀློང་དུ་ནག་རོག་གེར་འདུག

    ལོ་ངོ་ཉི་ཤུའི་གོང་དུ། དོན་གྲུབ་ཀྱི་ཨ་ཕས་ཁོ་རང་ཉི་མ་ལྷ་སར་ལྷ་སའི་ཇོ་བོ་མཇལ་དུ་ཁྲིད། དེ་དུས་ཁོ་རང་ནི་ད་དུང་ལོ་ན་ཕྲ་བའི་བསམ་མེད་ཀྱི་བྱིས་པ་སྣ་ལུད་ཅན་ཞིག་ཡིན། ལོ་ངོ་ཉི་ཤུ་ལྷག་འདས་པའི་དེ་རིང་གི་དུས་འདིར། ཁོས་ཨ་ཕ་ཁྲིད་དེ་ཉི་མ་ལྷ་སར་ལྷ་སའི་ཇོ་བོ་མཇལ་དུ་སོང་། འོན་ཀྱང་། སྔོན་ཆད་དང་མི་འདྲ་བ་ཞིག་ནི། ད་ལྟ་ཁོ་རང་ནི་འཇིག་རྟེན་འདིའི་དོན་དག་མང་དག་ཅིག་ལ་རྒྱུས་མངའ་ཅུང་ཟད་ཡོད་པའི་གཞོན་ནུ་ཞིག་ཏུ་གྱུར་ཞིང་། ཁོའི་ཨ་ཕ་ནི་རིམ་གྱིས་ལོ་ན་རྒས་ཏེ་ད་ལྟ་བསམ་མེད་ཀྱི་བྱིས་པ་ཆུང་ངུ་ཞིག་དང་ཅི་འདྲའི་འདྲ།

སྐྱ་རེངས་མེད་ལ་སྐར་ཚོགས་ཀྱང་མཐོང་རྒྱུ་མེད་པའི་ཞོགས་པ་དེར། ཁོས་ཨ་ཕ་རླངས་འཁོར་ནང་བཅུག་སྟེ་ཉི་མ་ལྷ་སར་འགྲོ་བའི་ལམ་དུ་ཞུགས། སྔོན་ཆད་ཡིན་ན། ཁོའི་ཕ་ཡུལ་ནས་ཉི་མ་ལྷ་སའི་བར་མ་མཐའ་ཡང་ཉིན་ཞག་ལྔ་དྲུག་ལྷག་གི་འགྲུལ་བཞུད་བྱ་དགོས་ཀྱང་། དེང་སང་ཉི་མ་གཅིག་གི་ནང་ཚུན་དུ་ལྷ་སར་འབྱོར་ཐུབ་ཀྱི་ཡོད་པས། དེ་ནི་སྤྱི་ཚོགས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པའི་འབྲས་བུ་ཉག་གཅིག་ཡིན་པ་གདོན་མི་ཟ།

     ཁོའི་ཨ་ཕ་ནི་དམངས་གཙོའི་བཅོས་སྒྱུར་སྔོན་གྱི་སྡེ་བ་གཞུང་གི་བཤན་པ་ཡིན་པས། ཁོའི་ལག་འོག་ཏུ་སེམས་ཅན་མང་དག་ཅིག་གི་ཁྲག་དམར་འགོས་ཡོད། བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་རྗེས། ད་གཟོད་ཨ་ཁུ་རྣམ་རྒྱལ་གྱིས་བཤན་པའི་ལས་ཀ་སྤངས་ཏེ་དགེ་བ་བསྒྲུབས་ནས་རང་གི་སྔོན་བྱས་ཀྱི་ནག་ཉེས་ལ་སྡིག་བཤགས་བྱེད་ཀྱིན་ཡོད་པས། ཉི་མ་ལྷ་སར་སོང་སྟེ་ལྷ་སའི་ཇོ་བོ་མཇལ་རྒྱུ་ནི་ད་ལྟ་ཁོའི་མི་ཚེའི་ཁྲོད་ཀྱི་ལས་ཀ་འགངས་ཆེན་ཞིག་ཡིན་ལ། ཁོའི་མི་ཚེ་འདིའི་ལས་ཀ་ཡོད་དོ་ཅོག་གི་ལྟེ་བའང་ཡིན་པས། དོན་གྲུབ་ནི་ཨ་ཕའི་ཤ་རུས་ལས་མཆེད་པའི་བུ་ཕྲུག་ལྷད་མེད་ཅིག་ཡིན་པས་ན། ད་ལྟ་ཨ་ཕ་ལྷ་སར་ཁྲིད་དེ་ལྷ་སའི་ཇོ་བོ་མཇལ་དུ་བཅུག་རྒྱུ་ནི་ཁོའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཡིན་པ་ཁོས་ཤེས་ཡོད།

     དོན་གྲུབ་ཀྱིས་རང་གི་རླངས་འཁོར་ཆུང་ངུ་དེའི་ཁ་ལོ་བསྐོར་ཏེ་གླུ་དབྱངས་ཐན་ཐུན་རེ་ངག་ནས་ལེན་བཞིན་ལྷ་སར་འགྲོ་བའི་ལམ་དུ་ཞུགས་སོང་། ཁོའི་ཨ་ཕ་ནི་ཁོས་ལེན་གྱིན་པའི་གླུ་དབྱངས་ཀྱི་ཕྱོགས་སུ་རྣ་བ་གཏད་ནས་མི་ཉན་པར་ལག་ནང་གི་ཕྲེང་བ་དེ་བར་མེད་དུ་བསྐོར་གྱིན་མ་ཎི་ཡིག་དྲུག་ཡང་ནས་བསྐྱར་དུ་ཁོག་འདོན་བྱེད་ཀྱིན་འདུག ཨ་ཕའི་བག་ཆགས་ཤིག་གམ། ཡང་ན་རང་རེའི་བོད་མི་ཚོའི་ཤུགས་རྐྱེན་ཐེབས་པ་གང་ཡིན་མིན་ཆ་མི་འཚལ་མོད། ད་ལྟ་ཁོ་རང་ཡང་སྔོན་ཆད་ཀྱི་ལྷ་མེད་སྨྲ་བའི་དངོས་གཙོ་རིང་ལུགས་པ་ཞིག་ནས་ཆོས་ལ་དད་པ་ཆེ་བའི་མི་སེམས་གཙོ་སྨྲ་མཁན་ཞིག་ཏུ་གྱུར་འདུག

     ཆུ་ཚོད་བརྒྱད་ལྷག་ཙམ་ལ་རླངས་འཁོར་འགྲུལ་བཞུད་བྱས་མཐར། ཁོ་དང་ཨ་ཕ་ད་གཟོད་རང་གིས་རྒྱུན་པར་རེ་སྙེག་བྱེད་པའི་གནས་མཆོག་ཉི་མ་ལྷ་སར་གཞི་ནས་འབྱོར། ཁོ་དང་ཨ་ཕས་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཞོགས་ཇ་འཐུང་ཞོར་དཀར་ཟས་བཟས་རྗེས། དུས་ཚོད་ནི་ཕྱི་ཉིན་གྱི་ཐོ་རེངས་ཆུ་ཚོད་ལྔ་པར་ཐོན་འདུག ཁོ་གཉིས་པོས་ཇ་ཁང་གི་སྒོ་ཁ་ནས་མར་བུད་དེ་ཐད་ཀར་གཙུག་ལག་ཁང་གི་སྒོ་འགྲམ་དུ་བསྐྱོད་སོང་།

“ཨཱ་ཨཱ། དེ་འདྲའི་མི་མང་བ་ལ”ཁོས་ངག་ནས་དེ་སྐད་སྨྲ་བར་ཐལ། གཙུག་ལག་ཁང་གི་སྒོ་འགྲམ་དུ་དད་ལྡན་མང་ཚོགས་དུ་མ་ལངས་ནས་འདུག ཁོ་ཚོ་ཕལ་ཆེ་བ་ནི་ཇོ་བོ་མཇལ་དུ་ཡོང་བའི་དད་ལྡན་མཇལ་བ་ཡིན་འདུག་ལ། ད་དུང་ཁ་བཏགས་དང་། མཆོད་མར། དྲི་བསང་། དར་ལྕོག་སོགས་ཀྱི་ཆོས་རྫས་འཚོང་མཁན་གྱི་ཚོང་པ་དང་། མཐེ་བོང་མཁའ་ལ་བསྒྲེངས་ནས་སློང་མོ་བྱེད་མཁན་ཡང་མང་དག་ཅིག་འདུག་པས། ཞོགས་པའི་གཙུག་ལག་ཁང་གི་སྒོ་འགྲམ་དུ་མི་ཚོགས་རྒྱ་མཚོ་འཁྱོམས་པ་ཇི་བཞིན་ཧ་ཅང་གིས་མང་། ཁོ་དང་ཨ་ཕས་ཀྱང་དད་ལྡན་པ་གཞན་དང་འདྲ་བར་རང་ལ་མཁོ་བའི་ཆོས་རྫས་ཙག་ཙིག་རེ་ཉོས་ཏེ་རུ་སྟར་བསྒྲིགས་ནས་བསྡད།

     གཙུག་ལག་ཁང་གི་སྒོ་མོ་ད་དུང་ཕྱེ་མི་འདུག དད་ལྡན་པ་མང་པོས་གཙུག་ལག་ཁང་གི་སྒོ་འགྲམ་དུ་རྐྱང་ཕྱག་བར་མེད་འཚལ་གྱིན་འདུག་ཅིང་། འགའ་རེས་བསང་གཏོང་བཞིན་འདུག་པས། སྔོ་ལྷོག་ཏུ་འཕྱུར་བཞིན་པའི་བསང་དུད་ནི་རླུང་གི་གཡོ་ཕྱོགས་དང་བསྟུན་ནས་ཁོའི་སྣ་ལམ་དུ་དལ་གྱིས་ལྡང་བྱུང་། དེ་ནི་ཅི་འདྲའི་དྲི་མ་ཞིམ་པོ་ཞིག་རེད་འདུག་ཨང་།

     གནས་དེར་འདུས་པའི་དད་ལྡན་པའི་ཁྲོད་ན་དབུས་གཙང་ཁུལ་གྱི་མི་འདུག་ལ། ཁམས་པ་དང་། ཨ་མདོ་བ་ཡང་མང་དག་ཅིག་འདུག ཁོའི་ཨ་ཕ་དང་ཆ་འདྲ་བའི་བགྲེས་སོང་འདུག་ལ། སྐད་ཆ་ཕྲན་བུ་ལས་སྨྲ་མི་ཤེས་པའི་བྱིས་པའང་འདུག ད་དུང་བྱིས་པ་སྒལ་རྒྱབ་ཏུ་འཁུར་བའི་བུད་མེད་ཀྱང་འདུག་པས། ངེད་མདོ་དབུས་ཁམས་གསུམ་གྱི་དད་ལྡན་པ་རྒན་གཞོན་ཕལ་ཆེ་བ་ལ་ཆ་མཚོན་ན། ལྷ་སའི་ཇོ་བོ་མཇལ་རྒྱུ་ནི་རང་གི་མི་ཚེའི་ཁྲོད་ཀྱི་ལས་ཀ་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་པ་རང་བཞིན་གྱིས་ཤེས་ཐུབ།

     དྲི་བསང་གི་དུ་བ་སྔར་བཞིན་སྔོ་ལྷོག་ལྷོག་ངང་དགུང་ལ་འཕྱུར་བཞིན་འདུག གློ་བུར་དུ་ཁོའི་རྣ་ལམ་དུ་བྱིས་པའི་ངུ་སྒྲ་ཞིག་ལྷང་ལྷང་དུ་གྲགས་བྱུང་། ཁོས་བྱིས་པའི་ངུ་སྐད་གྲགས་སའི་ཕྱོགས་སུ་མིག་ཟུང་ལན་གཅིག་འཕངས་པ་ན། དད་ལྡན་མང་ཚོགས་དུ་མས་རང་འགུལ་གྱིས་རུ་བསྟར་མི་སྒྲིག་པར་གཡས་གཡོན་གཉིས་སུ་ཨུ་ཚུགས་ཀྱིས་འཚང་བཞིན་འདུག དེའི་རྗེས་སུ་མི་མང་པོས་རང་ལུས་ཀྱི་ཤེད་ཤུགས་ཡོད་རྒུ་ཕྱིར་བཏོན་ནས་ཡར་འབུད་མར་འབུད་བྱེད་ཀྱིན་འདུག་པས། བྱིས་པ་ཆུང་ངུ་དེ་དག་དང་། བགྲེས་སོང་ལ་ལ་ཁོ་ཚོའི་ལུས་པོའི་བར་དུ་བཙིར་ནས་སྡུག་སྐད་འཆོར་བཞིན་ཡོད་པ་དང་། བྱིས་པ་ལ་ལ་རུ་གྲལ་གྱི་ཀློང་ནས་བརླགས་ཏེ་ཁོ་ཚོའི་ཁྱིམ་བདག་རྣམས་དངངས་འཚབ་ཆེན་པོས་རུ་གྲལ་ནས་ཕྱིར་དོན་ནས་རང་རང་གི་བྱིས་པ་འཚོལ་བཞིན་འདུག ཁོ་ཚོའི་གདོང་ལ་དངངས་འཚབ་དང་བྲེད་ཤའི་རྣམ་པས་ཡོངས་སུ་བཀང་འདུག དུས་ཡུན་རིང་བོ་ཞིག་གི་དུས་ཚོད་ནང་བྱིས་པ་ཚོའི་ངུ་སྐད་མཚམས་ཆད་མ་བྱུང་ལ། བགྲེས་སོང་ལ་ལའི་འཁུན་སྒྲ་ཡང་ལྷིང་འཇགས་ཐབས་མ་བྱུང་། ཁོའི་འཁྲིས་སུ་ལངས་ནས་བསྡད་ཡོད་པའི་ཨ་མདོའི་རྒན་མོ་ཞིག་གིས་གདོང་ལ་སྐྱི་གཡའ་བའི་ཉམས་སྣང་ཞིག་སྟོན་ཞོར།“ལྷ་སའི་ཇོ་བོ་མཇལ་ཐུབ་མིན་ངས་ཤེས་མ་སོང་། འོན་ཀྱང་། མུ་མཐུད་ནས་འཚང་ཀ་བརྒྱབ་ན། དབུགས་ཀྱི་རྒྱུ་བ་ཆད་དེ་གཤིན་རྗེ་ཆོས་རྒྱལ་མཇལ་ས་རེད”ཅེས་ཤོད་བཞིན་འདུག་ཅིང་། བགྲེས་སོང་འགའ་རེས་དངན་པ་རིང་མོ་ཞིག་འཐེན་བཞིན།“མི་དེ་ཚོ་ལྷ་སའི་ཇོ་བོ་མཇལ་མཁན་གྱི་དད་ལྡན་པ་རེད་ཟེར་ན་སུའི་རྣ་བར་འགྲོ་སྲིད”ཅེས་རྗོད་ཀྱིན་འདུག

     ཁོའི་ཨ་ཕ་ནི་མི་ཚོགས་ཀྱི་ཀློང་དུ་མུ་མཐུད་དེ་འདུག་ཐབས་མེད་པར་ཚོང་ཁང་ཞིག་གི་སྒོ་ཁར་ཀྲོང་ངེར་ལངས་ནས་ཧད་འདུག གློ་བུར་དུ་བུད་མེད་ཅིག་གིས་སྐྱེས་པ་ཞིག་གི་ལག་མགོ་ནས་འཇུས་ཏེ།“མི་ངོ་ཚ་མེད་པ་ཁྱོད། ཁྱོད་ཀྱིས་ཅི་བྱེད་པ་ཡིན། ངའི་ཁུག་མའི་ནང་ལག་པ་བཅུག་ནས་རྐུ་བྱ་འདོད་པ་མ་ཡིན་ནམ”ཞེས་ཤོད་ཀྱིན་འདུག་པས། ཉེ་འགྲམ་གྱི་དད་ལྡན་པ་མང་པོས་མིག་ཟུང་སྐྱེས་པ་དེའི་གདོང་ལ་ཅེར་ནས།“ཞབས་འདྲེན་རང་རེད། མི་ཚང་མས་དཀོན་མཆོག་སེམས་ལ་བཟུང་ནས་དགེ་བའི་ལས་སྒྲུབ་བཞིན་ཡོད་ཀྱང་། ཁྱོད་ཀྱིས་དད་ལྡན་པ་ཚོའི་ཅ་དངོས་ཀྱང་རྐུ་ཕོད་པ་ནི་ངོ་མ་བདུད་རང་རེད”ཅེས་བརྗོད་དེ་ཁོ་ལ་གཤེ་གཤེ་དྲག་པོ་བཏང་སོང་། གཙུག་ལག་ཁང་གི་སྒོ་འགྲམ་གྱི་གནས་ཚུལ་དེ་དག་ཁོའི་མིག་ལམ་དུ་རེ་རེ་བཞིན་འཆར་དུས། ཁོའི་སེམས་པ་ནི་འཁྱག་སིབ་སིབ་དང་གྲང་ཤུར་ཤུར་བྱས་བྱུང་། འདུ་འཛི་དང་འཚང་ཁས་ཁེངས་པའི་མི་ཚོགས་ཀྱི་ཀློང་དུ་ཁོ་དང་ཨ་ཕ་གཉིས་པོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་ལྷ་སའི་ཇོ་བོ་ཉིད་མཇལ་བའི་གོ་སྐབས་མ་རྙེད་པས། གདོང་ནས་བློ་ཕམ་ཡི་ཆད་ཀྱི་རྣམ་འགྱུར་གྲང་ཤུར་ཤུར་ཞིག་སྟོན་བཞིན་མི་ཚོགས་ཀྱི་ཀློང་ནས་ཕྱིར་ཐོན་ཏེ་རླངས་འཁོར་བསྐོར་ནས་ཐད་ཀར་རང་གི་ཕ་ཡུལ་གྱི་ཕྱོགས་སུ་ཕྱིར་མི་ལོག་ཀ་མེད་བྱུང་།

   “ཨ་ཁུ་རྣམ་རྒྱལ་ལྷ་སར་སོང་ཡང་ལྷ་སའི་ཇོ་བོ་མཇལ་ཐུབ་མི་འདུག་ཟེར་བ་བདེན་པ་ཨེ་ཡིན”ཡུལ་མི་ལ་ལས་དེ་ལྟར་ཧ་ལས་པའི་མིག་ཟུང་ཞིག་ལྟ་ཞོར་ཨ་ཁུ་རྣམ་རྒྱལ་ལ་ཁྲེལ་དགོད་བྱེད་ཀྱིན་འདུག

   “ཁོའི་བསམ་པར་ལྷ་སའི་ཇོ་བོ་མི་ཚང་མས་མཇལ་ཆོག་པ་ཞིག་རེད་བསམ་གྱིན་ཡོད་པ་འདྲ། ཁོ་ལྟ་བུའི་མི་སྡིག་ཆེན་དེ་འདྲས་ལྷ་སའི་ཇོ་བོ་མཇལ་ཐུབ་ན། ངས་སྐེ་བཅད་ནས་གོམ་པ་སྤོས་ཆོག”

   “མི་ངན་དེས་ལྷ་སའི་ཇོ་བོ་མཇལ་ཐུབ་ན། ལྷ་སའི་ཇོ་བོར་གྲིབ་ངན་འཕོགས་ཁོ་ཐག་ཡིན”

   “ད་ནི་ལྷ་སའི་ཇོ་བོས་ཀྱང་ཁོ་ལ་ཁ་ཡ་བྱེད་ཀྱིན་མི་འདུག ལས་འབྲས་ཡོད་པ་ནི་བདེན་པ་རེད”

    ཉིན་དེ་དག་གི་རིང་། སྡེ་བའི་ས་ཕྱོགས་གང་སར་ཨ་ཁུ་རྣམ་རྒྱལ་གྱི་སྐོར་ཁོ་ན་ཁ་བརྡ་བྱེད་ཀྱིན་འདུག ཁོ་ཚོའི་ལབ་གླེང་དེ་དག་ཨ་ཁུ་རྣམ་རྒྱལ་གྱི་རྣ་བར་ཐོས་བྱུང་བས། ད་ལྟ་ཁོའི་ཁོག་ནས་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར་ཡང་ཁ་ནས་དུ་བ་ཐོན་ཐབས་ཡེ་ནས་མེད་པར། ངོ་ཚས་ཡོངས་སུ་མྱོས་ནས་ཉིན་གང་ཁྱིམ་དུ་ཞུགས་ནས་འདུག་རྒྱུ་ལས་ཐབས་ཅི་ཡང་མེད་པར་གྱུར་ཏོ། །


  • ལེ་ཚན་སྔོན་མ།:གཞན་སེམས་ལས་མཐུན་སྒྲིལ་གྲུབ། སྒེར་སེམས་ལས་མཐུན་སྒྲིལ་བརླགས།
  • ལེ་ཚན་རྗེས་མ།:སེམས་ཁོང་གི་ཉི་མ།