བུ་ཆུང་གི་རང་གཏམ།

སྟག་རིག་འབྲུག་ཐར།        2018-04-16

      ང་ནི་ཕ་མའི་བྱམས་བརྩེའི་ཉི་འོད་འོག་འཚར་ལོངས་བྱུང་བའི་གཞོན་ནུ་ལོ་ཆུང་ཞིག་ཡིན། ཕ་མའི་ཁུ་ཁྲག་ཟུང་སྡེབ་ལས་རྙེད་པར་དཀའ་བའི་དལ་བརྒྱད་འབྱོར་བཅུ་ཚང་བའི་རིན་ཆེན་གྱི་མི་ལུས་ཐོབ། ཐལ་སྤར་ཀོང་དུ་ཉྭ་དྲང་བར་བྱས་ཤིང་གོས་ཚ་རུའི་ནང་དུ་ལག་ཆགས་སུ་བཅུག་ལ། ལྗིད་ཚད་རྒྱ་མ་གང་ནས་དཀར་ཡོལ་སྐྱོར་སྐྱོར་སྒོས་ཡུན་གྱིས་ཇེ་ལྕི་རུ་བཏང་སྟེ་ཕ་མའི་ཡ་ཐོད་ཀྱི་མིག་ལྟར་གཅེས་ཤིང་། ཡ་ཁོག་གི་སྙིང་དང་རིན་ཐང་བྲལ་བའི་ནོར་བཞིན་དུ་གཅེས་ཤིང་དུངས།

      ཆུང་དུས་ནས་བཟུང་ཕ་མས་གར་འགྲོ་འདིར་འགྲོ་མིག་གིས་འཚོས་ཤིང་གར་བྱེད་འདི་བྱེད་ལག་པས་ཁྲིད་དེ་ཁ་ལ་གང་ཞིམ་ཟས་མཆོག་བཅུད་ཀྱིས་གསོས་ལ། ལུས་ལ་གང་འཇམ་ལྭ་བ་དྲོན་མོ་བསྐོན་ཏེ་ང་དང་ཕ་མའི་བར་ལ་འབྲལ་མི་ཐུབ་པའི་བརྩེ་བ་ཟབ་མོ་ཆགས་ཤིང་། ཡུན་ཐུང་དུས་ཚོད་སྐར་ཆ་འགའ་ལའང་མེད་ན་མི་ཆོག་པའི་དུང་བ་ལྷད་མེད་ཅིག་ཆགས་ཡོད།

      ལོས་ཡིན་ཏེ། ཕ་མའི་མིག་ཀོང་དུ་རང་གི་བུ་ཕྲུག་ལས་འཇིག་རྟེན་སྟེང་མཛེས་པའི་མཆོག་ཏུ་གྱུར་བ་ཞིག་སྲིད་ན་མེད་པར་འདོད་ཅིང་། འགྲན་སྡུར་གང་རུང་ཞིག་གི་དོ་རར་རང་གི་བུ་ཕྲུག་ཡོད་ཚད་ལས་རྒྱལ་བར་འདོད་པའི་རེ་འདུན་དྲག་ཏུ་འཕྱོ། དགའ་ན་དགོད་པའི་འཛུམ་ཆུང་མེ་ཏོག་འདྲ་བོ་ཕ་མའི་ཡིད་ངོར་ལྟ་ན་སྡུག་ཅིང་། སྐྱོ་ན་ངུ་འབོད་ཀྱི་མིག་ཆུའི་ཐིགས་ཕྲེང་རེ་རེ་ཕ་མའི་ལུས་ཀྱི་ཟུངས་ཁྲག་གི་ཐིགས་པ་རེ་རེ་བཞིན་སེམས་ཁྲལ་རི་རབ་ལས་ལྕི་ཞིང་མཆི་མ་དོན་མེད་དུ་འཛར་བར་འཇུངས་པ་སྐྱེས། མ་འོངས་ཤེས་རིག་གི་གླིང་ག་ནས་ཡོན་ཏན་གྱི་ཟེའུ་འབྲུ་ཇི་སྙེད་ཅིག་རང་གི་བུ་ཕྲུག་ལ་འཐོབ་འདོད་ཅིང་། སྣ་མང་སྒྱུ་རྩལ་གྱི་འཇོན་ནུས་མོད་པོ་ཞིག་རང་གི་བུ་ཆུང་ལ་འཛོམ་ན་བསམ།

      ཟོ་ཆུན་འཁོར་ལོའི་དུས་ཀྱི་བགྲོད་པའི་དབང་གིས་བུ་ཆུང་ང་རང་རིམ་གྱིས་ན་སོ་རྒྱས་པར་གྱུར་ཏེ། ཕ་མ་དང་འབྲེལ་འདྲིས་ཀྱི་དུས་ཚོད་རིང་དུ་གྱུར་ཏེ་ཕ་མ་དང་ལྷན་དུ་ལབ་གླེང་ངམ་རྩེད་མཚར་གྱི་ཡོ་ལང་ངོམ་པའི་སྐབས་གླགས་ཀྱང་རིམ་བཞིན་ཇེ་ཉུང་དུ་གྱུར། མདོར་དེད་ན་ཕ་མ་དང་ང་ཚོའི་བར་ཐག་ཤེས་མེད་ཚོར་མེད་ལ་ཇེ་རིང་དུ་འགྲོ་དགོས་བྱུང་།

      རྒྱུ་མཚན་ནི་མ་འོངས་ཕུགས་བསམ་མངོན་འགྱུར་གྱི་སླད་དུ་སློབ་གྲྭ་ཞེས་བྱ་བའི་ཐུན་མོང་ཚོགས་པ་ཞིག་གི་དཔུང་གྲལ་དུ་བགྲོད་དགོས་པས་སོ།། ཡིན་ཏེ། སློབ་གྲྭའི་ཚོགས་སྤྱི་རུ་ཞུགས་ཉིན་ནས་ངས་རྒན་གྱི་ཅི་གསུང་ཆོས་དང་མཛུབ་མོའི་གར་སྟོན་ཤར་དུ་ནུས་ཚོད་ཀྱིས་འབད་རྩོལ་བསྐྱེད་པ་ཡིན། ཕ་མ་གཉིས་ཀས་སློབ་གྲྭ་གྲོལ་རྗེས་རྩེད་འཇོའི་བར་གསེང་བརྒྱུད་དེ་རྒྱུན་པར་ང་ལ་ནར་སོན་ཚེ་ཅི་ཞིག་བྱེད་འདོད་ཀྱི་ཕུགས་བསམ་མམ་འདུན་མ་དྲི་བའི་ཚེ་ན། ངས་རྒྱུན་དུ་བརྙན་འཕྲིན་ལ་བལྟས་པའི་བག་ཆགས་ཀྱིས་ཚམ་ཚོམ་མེད་པར་གནམ་གྲུའི་ཁ་ལོ་བ་བྱ་རྒྱུ་ཡིན། ཉེན་རྟོག་པ་བྱ་རྒྱུ་ཡིན། གོང་མ་རྒྱལ་བོ་བྱ་རྒྱུ་ཡིན་ཞེས་རང་སྣང་གང་ཤར་དུ་ཕ་མ་ལ་ཕྱིར་ལན་སྤྲད་པ་ཡིན། གང་ལྟར་རང་གི་མདུན་ལམ་རང་གི་ལག་ན་ཡོད་པ་དང་། རང་ཉིད་ཀྱི་འདོད་འདུན་དོན་སྨིན་འབྱུང་བར་རང་ཉིད་ཀྱི་ལག་ལེན་ལ་འབྲེལ་བས། ཕ་མ་གཉིས་ཀས་རེ་བ་སྒྱེ་གང་བླུགས་པའི་དཔེ་ཁུག་ཆུང་ཆུང་ཞིག་བློས་མི་ཐོངས་པའི་བརྩེ་བ་དྲོན་མོ་ཞིག་ལ་གཞིབས་ནས་ངའི་རྒྱབ་ལ་བཀྱགས་ཏེ་སྡེ་བ་དང་ཁ་ཐག་མི་རིང་བའི་སློབ་གྲྭའི་ཕྱོགས་སུ་བསྐྱལ་བ་ཡིན།

      སློབ་གྲྭ་ལ་བསྐྱལ་ཉིན་ནས་བཟུང་ངའི་བདག་པོ་ངོ་མ་དགེ་རྒན་དུ་གྱུར་ཅིང་ངའི་འབྲེལ་འདྲིས་བྱེད་ཡུལ་གཙོ་བོའང་སློབ་གྲྭའི་དགེ་རྒན་ཚོ་ལས་གཞན་མ་འདས། སློབ་གྲྭ་གྲོལ་ཏེ་ཕ་ཡུལ་དུ་འབྱོར་དུས། དེ་སྔ་ནང་བཞིན་བློ་བདེ་བག་ཕེབས་ངང་འགུལ་རིས་བརྙན་འཕྲིན་ལ་ལྟ་བའི་དུས་ཚོད་ཁྱོན་ནས་མེད་དེ། ལས་བྱའི་རི་རབ་ཁུར་གྱིས་མནན་པས་ངས་ཕ་མ་གཉིས་ཀར་ཁྱིམ་ལ་ལོག་པའི་བདེ་འཚམས་ཀྱི་བརྡ་ཞིག་ཀྱང་སྟོན་ཁོམ་མི་འདུག་ཟེར་ན་ཤོབ་ཏུ་མི་འགྲོ། བསླབ་ཁག་སོ་སོའི་ལས་བྱའི་དྲི་གཞིའི་ཁྲོད་དུ་མགོ་བོ་འཐོམས་ཤིང་ཐག་ཐག་གི་དུས་ཚོད་རིང་པོ་ཤེས་མེད་དུ་འདས་སྟབས། སེམས་བདེ་མོས་ཟས་ཐུན་ཞིམ་པོ་ཞིག་དང་ལྷན་དུ་ཕ་མར་མཉེས་ཤིང་གཤིན་པའི་ཁ་བརྡ་གློད་པའི་གོ་སྐབས་ཧ་ཅང་ཕྲ་བར་གྱུར། ཕ་མས་ཀྱང་ཅི་མི་སྙམ་པར་ངའི་རབ་དང་རིམ་པའི་བསྒྲུབ་ལས་ལ་བར་ཆད་བཟོ་མི་འདོད་པར་ཁ་རོག་གེར་ངའི་ཕྱོགས་ལ་འཛུམ་ཆུང་སྙིང་ཉེ་བ་ཞིག་བསྟན་ཏེ་བར་ཐག་བཀྱེད་ནས་དོན་གཞན་སྒྲུབ་པར་ཆས་འགྲོ་བ་རེད།

      འདི་ལྟར་བསྐྱར་ཟློས་རང་བཞིན་གྱི་སློབ་སྦྱོང་འཚོ་བའི་གོམས་གཤིས་རྒྱུན་འབྱམས་སུ་སོང་བས། སློབ་ཆུང་ལོ་ངོ་གསུམ་ནི་མིག་རྡེབ་དབང་ཙམ་གྱིས་ཇི་ལྟར་འདས་པའང་མ་ཤེས། གཅིག་ནས་ལོ་རིམ་འཕར་བ་དང་གཉིས་ནས་ལོ་ན་ཚོད་ཀྱང་ཇེ་ཆེ་རུ་གྱུར་ཏེ་བསམ་ཅུང་ཙམ་ཡང་ཤེས་པར་གྱུར་པ་ན། ངས་རིམ་བཞིན་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་དང་ཕ་མའི་སྤྱོད་ལམ་ལ་ཐེ་གཏོགས་བྱེད་ཐུབ་པའི་ཚད་ལ་ཐོན།

      རེད་ཡ། ན་ནིང་དོ་ཚིགས་ངའི་ཕ་མ་གཉིས་ཀ་གློ་བུར་དུ་འགྱུར་འདུག དུས་རབས་ཀྱི་གོམ་ཁ་གློག་ལྟར་མྱུར་བའི་སོ་ཁ་ནས་གློ་བུར་དུ་འགྱུར་ཐལ། ཚན་རིག་ལག་རྩལ་གྱི་འགྲོས་སྐྱེན་པའི་བང་ཁ་ནས་གློ་བུར་དུ་འགྱུར་ཐལ། ཡིན་ཏེ། ངེད་ཚང་གི་གཡང་ཁྱིམ་ཕྱི་ནང་དུ་སྔོན་ཆད་མཐོང་མ་མྱོང་ཞིང་། ད་ཆར་དར་ཁྱབ་ཏུ་འགྲོ་བཞིན་པའི་འཕྲུལ་རྟ་རླངས་འཁོར་གྱི་འཕྲུལ་ཆས་སྣ་ཚོགས་དང་ཁ་པར་གློག་ཀླད་ཀྱི་སྤྱོད་ཆས་ཇེ་མང་དུ་གྱུར་བར་ངའི་ཕ་མ་གཉིས་ཀའང་སྔོན་ཆད་ནང་བཞིན་ཁྱིམ་ལས་ཙག་ཙིག་ཇི་འདྲའི་མོད་ཀྱང་། རེ་ཞིག་ཡལ་བར་དོར་ནས་ངའི་གམ་དུ་སྦྲང་མ་མེ་ཏོག་ལ་འཁོར་བ་བཞིན་ངའི་འགྲོ་འདུག་སྤྱོད་གསུམ་སེམས་ཀྱིས་སྐྱོང་ཞིང་མིག་གིས་འཚོ་ཚུལ་དེ་ནམ་མཁའི་འཇའ་བཞིན་གྱི་ངང་ཚུལ་དུ་འཛིན། ཁ་སང་དེ་རིང་ངའི་ཕ་མ་གཉིས་ཀ་ཁོམ་པ་ཏིལ་ཙམ་ཡོད་ཚེ། ངའི་རྩེ་གཅིག་གི་བསྒྲུབ་ལས་རྣམ་འགྱུར་ལ་མིག་ཞགས་ཤིག་ཕན་པ་ལྟ་ཅི། དེང་རབས་ཁ་པར་གྱི་སྒྱུ་མའི་ལུས་ལ་ཞེན་ཏེ། ཆེ་ཆུང་ལག་མཐིལ་འདྲ་བའི་ཁ་པར་གྱི་འཆར་ངོས་ལ་ཅེར་ནས་མཚམས་རེར་རྩེད་འཇོ་ལ་རོལ་བའམ། ཡང་ལན་རེར་སྐད་འཕྲིན་གྱི་ཚོགས་པའི་ནང་དུ་མགོ་རྔ་མེད་པའི་སྐད་ཆ་ཐན་ཐུན་རེ་བཤད་ཞོར་རང་རང་སར་ཡིད་སེམས་སྐྱིད་ལ་བསྐུར་ནས་འདུག བལྟས་ཚོད་ཀྱིས་ཁ་པར་ནི་རང་ལུས་དང་འབྲལ་དུ་མེད་པའི་སྲུང་འཁོར་ལྟར་དུས་ཚོད་སྐར་ཆ་གང་ལའང་མིག་གི་དབང་བོ་ཡོད་ཚད་སྒྱུ་འཕྲུལ་ལེབ་མོ་དེའི་བྲན་དུ་གྱུར་ཚར། ལྷག་པར་དུ་ཨ་ཕས་དུ་བ་རྐང་གཅིག་ཡ་མཆུའི་ཟུར་ལ་བཙུགས་ཏེ་སྔོ་ལིང་ལིང་གི་དུ་སྨུག་རྫོབ་ཏོ་ཁང་ཆུང་གྲུ་བཞིའི་བར་སྣང་དུ་དཀྲིགས་ཏེ་ཁ་པར་ངོས་ཀྱི་དེང་རབས་མཱ་ཅང་གི་ལས་སུ་ཞུགས་འགྲོ་བས། ཁོའི་ལུས་སེམས་གཉིས་ཀའང་སྔ་མོ་ནས་ཁ་པར་གྱི་སྒྲོག་ལ་ཚུད་ཟིན།

      སློབ་མ་ཞིག་གི་སྐྱེ་བ་བླངས་ཉིན་ནས་ལས་བྱ་དང་ཁ་འབྲལ་ཐབས་མེད་པ་ནི་ཆོས་ཉིད་དུ་གྲུབ་ཡོད་མོད། ཕ་མའི་རམ་འདེགས་ཀྱི་མཛུབ་ཁྲིད་འོག་ཟུར་ཁྲིད་དང་ཉིན་རེ་རེའི་ཁྱིམ་སྦྱོང་ལས་བྱ་སྒྲུབ་པ་ནི་ཁྱིམ་ཚང་སློབ་གསོའི་འགན་འཁྲིའི་བྱེ་བྲག་ཅིག་ཡིན་ཞེས་ང་ཚོའི་འཛིན་བདག་ལགས་ཀྱིས་རྒྱུན་པར་ང་ཚོ་ལ་དེའི་ལུགས་ཀྱི་སློབ་གསོ་གང་མང་བཏང་མྱོང་མོད། ཡིན་ན་ཡང་། སྤྱི་ཚོགས་འཕེལ་རྒྱས་ཀྱིས་སྤྲད་པའི་ནག་ཉེས་སམ་ལོ་རིམ་འཕར་བའི་འགྲོས་དང་བསྟུན་ཏེ་ཕ་མ་གཉིས་ཀྱིས་ངའི་མ་འོངས་འབྱུང་འགྱུར་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུ་རིམ་བཞིན་ཇེ་ཉུང་དུ་སོང་བར་མ་ཟད། ངའི་ལུས་ཕུང་དང་སེམས་ཁམས་བདེ་ཐང་ལ་གནོད་པའི་ཚུལ་མིན་སྤྱོད་ལམ་རྒྱུན་ལྡན་གྱི་སྣང་ཚུལ་དུ་གྱུར་བས། རེ་ཞིག་མཚམས་འཇོག་པའི་སྦྱོར་བ་ནི་ཕལ་ཆེར་ཕ་མ་གཉིས་ཀར་ཤིན་ཏུ་ཁག་པོའི་གནས་སུ་གྱུར་སྙམ། ངས་བསམས་ན། སློབ་གྲྭར་བསྐྱལ་བའི་ཕ་མ་ཡོད་དོ་ཅོག་གིས་འདི་ལྟར་རང་གི་ཤ་ལས་ཆད་པའི་བུ་ཕྲུག་གི་འོད་སྟོང་ལྡན་པའི་མདུན་ལམ་མ་བསམ་པར་དེང་རབས་ཚན་རྩལ་གྱི་རྟགས་སུ་གྲུབ་པའི་གློག་ཀླད་དང་ཁ་པར་གྱི་རྒྱ་རུ་ཚུད་མེད་ལས་ཆེ།

      དགོང་མོར། ཉིན་གཅིག་གི་སློབ་སྦྱོང་བྱ་བའི་གནོན་ཤུགས་ཁུར་ཏེ་ངལ་བས་དུབ་ནས་ཁྱིམ་ལ་ལོག་དུས། ཕན་ཚུན་འཚམས་འདྲིའི་ཁ་བརྡ་ཨེན་ཙམ་ཞིག་ལྟ་ཅི། ད་དུང་ཕ་མ་གཉིས་ཀས་མངོན་སུམ་འཛེམ་མེད་དུ་སྔར་བཞིན་དེང་རབས་བོངས་ཆུང་འཕྲུལ་ཆས་ཤིག་གི་བསླུ་བྲིད་འོག་ལ་དྲངས་ཏེ་རང་རང་སར་བརྙན་གཟུགས་སྒྲ་གསུམ་འཛོམས་པའི་སྣང་སྟོང་ལ་རྣ་དབང་སྒྲ་ལ་ཡེངས་ཤིང་མིག་ཤེས་གཟུགས་ལ་གཡེང་བ། སེམས་པའང་དེའི་རྗེས་སུ་འབྲངས་ཏེ་ང་རང་ནམ་ཚོད་ཕ་ཡུལ་དུ་ཐོན་པའང་མ་ཚོར་བར་ཁྲ་ཁྲའི་འཇིག་རྟེན་གསར་བ་ཞིག་ལ་རྦད་དེ་བྱིང་འདུག ངས་ཞེ་ལྷོད་ལྷོད་དང་དལ་ཅག་གེར་ཕ་མ་དང་ལྷན་དུ་ཉིན་གཅིག་གི་སློབ་གྲྭའི་འཚོ་བའི་མཐོང་ཐོས་མྱོང་རེག་རྣམས་མ་གསང་ལྷུག་པོར་བརྗོད་འདོད་པའི་བློ་རྩེ་དྭངས་མོ་ཞིག་སྐྱེས་མོད། ཡིན་ཡང་ཕ་མ་གཉིས་ཀས་ངའི་ཉིན་གཅིག་གི་བྱ་བ་ཆུང་ངུར་དང་དོད་ཀྱི་ཁ་བརྡ་ཙམ་བྱེད་པ་སྨོས་ཅི་དགོས། ཁང་ཁྱིམ་ཆུང་ངུར་དུ་བས་ཡོངས་སུ་དཀྲིགས་ཏེ་ཁ་པར་གྱི་རྙི་ལས་ཐར་འདོད་མེད་པའི་སྣང་ཚུལ་མངོན་སྟབས། རྒྱུན་པར་སློབ་གྲྭ་གྲོལ་ཏེ་ཁྱིམ་དུ་ལོག་ཐེངས་རེར་ངའི་ལུས་སེམས་གཉིས་ཀར་བཟོད་གླགས་བྲལ་བའི་སྐྱོ་བ་དང་སུན་སྣང་གི་མུན་པ་མཐུག་པོ་ཞིག་གིས་རིམ་བཞིན་བསྒྲིབས་འོངས།

      རེད་ཡ། བརྩེ་ཞིང་དུང་བའི་དྲིན་ཆེན་གྱི་ཕ་མ་གཉིས་ཀ་ལགས། ཉེ་བའི་ལོ་འགའི་རིང་དུ་གློ་བུར་སྐུད་མེད་གློག་གི་རྫས་འཕྲུལ་ཁ་པར་འདི་དར་བས། ཁྱེད་གཉིས་ཀྱི་བལ་ལས་འཇམ་པའི་དུང་བརྩེ་ལ་ནག་ནོག་གི་དྲི་མས་གོས་པ་དང་ཁྱེད་གཉིས་ཀྱི་ཐུགས་ཁུར་གྱི་གྲིབ་བསིལ་ལྗོན་པ་གྲང་ལྷགས་ཀྱིས་བསྒྱེལ་བ་ལྟར་གཡང་ཁྱིམ་ཚང་གི་བདེ་སྐྱིད་ཞོ་ལྟར་ཆགས་པ་ཁྲག་ལྟར་དཀྲུགས་ཤིང་། དགོད་འཛུམ་མེ་ཏོག་འདྲ་བོ་རིམ་བཞིན་སྟོན་མཇུག་གི་བ་མོས་བཅོམ་པ་ལྟར་སྒྲ་མེད་འུར་མེད་ཀྱི་གྲང་ཤུར་ཤུར་གྱི་ལྷིང་འཇགས་ཤིག་བསྐྱིལ་བའི་ཁར། འུ་ཅག་གིས་ཕན་ཚུན་ལག་རྡང་སྦྲེལ་ཏེ་ཕྱི་རོལ་གྱི་མཁའ་དབུགས་གཙང་མའི་འཇིག་རྟེན་ལྟད་མོར་རྩེད་དགོད་དང་བཅས་ཏེ་འཕྱམ་འཕྱམ་ལ་འགྲོ་བའི་སྐལ་བའང་རེ་ཞིག་ཆད། ངས་ཡང་དང་བསྐྱར་དུ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་སྟེ་ཉི་འོད་ཀྱིས་ཁེངས་པའི་འུ་ཚང་གི་བདེ་སྐྱིད་འཚོ་བར་ཐོལ་བྱུང་འདི་འདྲའི་འགྱུར་ལྡོག་ཆེ་ཞིང་བྲོ་བ་གཞན་གྱུར་ལ་ཤོར་ཚུལ་མནོ་བསམ་ཡང་ཡང་བཏང་བ་ན། མ་གཞི་བདུད་ཀྱི་ཆོ་འཕྲུལ་ལྟ་བུའི་ཁ་པར་ཞེས་བྱའི་ཡོ་ཆས་འདི་ལས་མ་འདས་རྐྱེན། ངས་ཡང་བསྐྱར་ཁྱེད་ཕ་མ་གཉིས་ལ་དྲན་སྐུལ་གྱི་ཚུལ་དུ་ཚིག་འགའ་ཞུ་འདོད་པ་ནི། ངའི་མ་འོངས་པའི་འོད་ཆེན་གྱི་ཕུགས་བསམ་དང་སྦྲང་རྩི་ལྟ་བུའི་ཁྱིམ་ཚང་འདིའི་བདེ་སྐྱིད་བསམ་ན། ད་ནས་བཟུང་མིག་གི་དབང་བོ་ཤེས་མེད་ཚོར་མེད་དུ་གནོད་སྐྱོན་ཐེབས་པའི་ཁ་པར་རྩེད་མཚམས་འཇོག་པ་དང་ཞོར་དུ་གཅེས་ཤིང་དུང་བའི་ཕ་ལོ་ལགས་ཀྱིས་ལུས་ཕུང་ལ་གནོད་པའི་དུ་བ་འཐེན་མཚམས་འཇོག་པའི་རེ་འདུན་ཙམ་ཞུས་པ་ལགས་ན། ཁྱེད་གཉིས་ཀྱིས་ཡུན་ཐུང་སྤྲོ་སྐྱིད་ལ་མི་གཡེང་བར་བསམ་གཞིག་གི་གཞུ་མོ་ནང་དུ་བཀུག་སྟེ་སྤྱོད་ངན་དེ་དག་ཁད་ཀྱིས་བསྒྱུར་ཏེ་འུ་ཚང་གི་འཚོ་བ་གསར་བའི་མེ་ཁ་ཡང་བསྐྱར་གསོ་བར་སྨོན་ལམ་འདེབས་སོ།།


  • ལེ་ཚན་སྔོན་མ།:སྙན་འཇེབས་ལྡན་པའི་དབྱངས་རྟ།
  • ལེ་ཚན་རྗེས་མ།:ངེས་པར་དུ་བསྒྲུབ་འོས་པའི་བྱ་བ་སྟེ་ཕྱིར་དྲན།