སྙན་འཇེབས་ལྡན་པའི་དབྱངས་རྟ།

གླིང་བུ་ཚེ་རིང་དོན་འགྲུབ།        2018-04-13

སྙན་འཇེབས་ལྡན་པའི་དབྱངས་རྟ།

      མཛེས་ཤིང་སྡུག་པའི་མི་ཡུལ་འདི་ན་སྙན་ཞིང་འཇེབས་པའི་དབྱངས་རྟ་བགྲང་གིས་མི་ལངས་པ་མང་པོ་ཞིག་ཡོད་པ་རེད་ཨང་། ཁུ་བྱུག་སྔོན་མོའི་མགྲིན་འགྱུར། ལྷང་ལྷུང་འབབ་པའི་གཙང་ཆབ་ཀྱི་རང་སྒྲ། ད་དུང་པི་ཝང་གི་སྒྲ་སྙན། གླིང་བུའི་སྒྲ་སྙན། རོལ་མོའི་དབྱངས་སྙན། མགུར་མའི་དབྱངས་སྙན་སོགས་ཅི་རིགས་པ་ཡོད་ཀྱང་། བདག་གིས་ནི་སེམས་རྣལ་ཏུ་ཕབ་སྟེ་འདས་ཟིན་པའི་ལོ་ཟླ་ལ་ཕྱིར་དྲན་བྱེད་དུས། རང་སེམས་ནས་བརྗེད་དཀའ་ཞིང་། ཆེས་སྙན་འཇེབས་ལྡན་པ་དེ་ནི་བྱམས་ལྡན་ཨ་མའི་སྐད་སྒྲ་ཡིན་པ་ཤེས་ཡོད།

     དེ་དུས་ང་རང་སློབ་ཆུང་འགྲིམ་པའི་བར་སྐབས་ཡིན། ཉིན་རེའི་ཞོགས་པར་གཉིད་ཀྱི་རྨི་ལམ་ལས་སད་དུས་ཐོག་མར་གོ་བ་ནི་ཨ་མའི་སྐྱབས་འགྲོ་འདོན་པའི་དབྱངས་རྟ་དེ་ཡིན། ཨ་མ་ནི་ནམ་ཡང་ཁྱིམ་མི་ཡོངས་ལས་ལངས་སྔ་བའི་བརྩོན་འགྲུས་ཅན་གྱི་བདག་མོ་དེ་ཡིན། སྐྱ་རེངས་མ་ཤར་གོང་ཐབ་ཀའི་ནང་ལ་མེ་བཞག་ནས་ནངས་ཇ་བསྐོལ་བ་དང་། ཁྱིམ་ཡོངས་ལ་གད་བདར་གཙང་མ་བྱས་རྗེས་ད་གཟོད་ངག་འཇམ་པོས་ང་ཚོར་མལ་ལས་ལངས་ནས་སློབ་གྲྭར་འགྲོ་དགོས་པའི་འབོད་སྐུལ་གནང་བ་ཡིན། དུས་ད་ལྟའང་རང་ཉིད་ཀྱི་སེམས་ལ་བདེ་སྐྱིད་ཀྱི་དྲོད་སྣང་གིས་ཁེངས་ཤིང་། བྱམས་སེམས་ཀྱི་གཤིས་ཀ་བཟང་པོ་ཞིག་མངའ་བ་འདི་ནི་ཨ་མའི་ལྷད་མེད་ཀྱི་རང་གཤིས་གསོན་པོ་ལས་ཤུགས་རྐྱེན་ཐེབས་ཏེ་རང་རྒྱུད་ལ་ཆགས་པ་ཁོ་ཐག་ཡིན། ང་ཚོའི་སྡེ་བ་ནས་སློབ་གྲྭའི་བར་ལ་དེ་འདྲའི་ཐག་རིང་རྒྱུ་མེད། མཚམས་རེར་སློབ་ཁྲིད་ཀྱི་ནང་དོན་བློ་རྒྱུགས་སྤྲོད་དགོས་པས། བློ་ལ་མ་ངེས་ན་དུས་ལྟར་ཁྱིམ་ལ་ལོག་མི་ཐུབ། དེ་དུས་དཔེ་ཁུག་ནང་ལ་བལྟ་དུས་ཨ་མའི་སྔར་ནས་གྲ་སྒྲིག་བྱས་ཟིན་པའི་གོ་རེ་དེ་མཐོང་ཐུབ། དེས་བྱིས་དུས་ཀྱི་ལྟོགས་སྐོམ་སེལ་ཐུབ་ལ། གོ་རེ་སྐམ་པོ་དེ་ནི་ཆེས་ཞིམ་མངར་ལྡན་པའི་ཟས་མཆོག་ཅིག་ཡིན།

      ལོ་ན་བཅུ་གསུམ་ལོན་དུས་ང་རང་རེབ་གོང་མི་རིགས་སློབ་འབྲིང་དུ་འགྲིམས་པ་ཡིན། དེ་དུས་ངའི་ཨ་ཅེས་ཀྱང་སློབ་འབྲིང་དེ་གར་སློབ་གཉེར་བྱེད་ཀྱི་ཡོད། སྤྱིར་ན་ཨ་ཅེའི་གཉོར་སྐྱོང་ཡོད་པས་དེ་འདྲའི་སེམས་ཁུར་བྱེད་མི་དགོས་ཀྱང་། ཐེངས་རེའི་གཟའ་མཇུག་ལ་སློབ་གྲྭར་འགྲོ་བའི་ལམ་དུ་ཆས་སྐབས་ཨ་མས་ལྐོག་ནས་ང་ལ་སྒོར་རྡོག་རེ་འགའ་སྤྲོད་ཅིང་། འོ་ཞིག་བྱེད་བཞིན་སློབ་གྲྭ་ནས་ཅིས་ཀྱང་ལྟོགས་ཏུ་འཇུག་མི་རུང་ལ། དེ་ལས་ཀྱང་གལ་ཆེ་བ་ནི་དགེ་རྒན་གྱི་ཁ་ལ་ཉན་ཏེ་སློབ་སྦྱོང་ལ་བརྩོན་པ་བྱེད་དགོས་པ་དང་། རྗེས་ཕྱོགས་རིག་གནས་ཡོད་པའི་ཡོན་ཏན་པ་ཞིག་བྱ་དགོས་ཞེས་ཁོ་མོའི་ལྷད་མེད་ཀྱི་སྐད་ཆ་དེ་བུ་ལ་བརྗོད་པ་ཡིན།

      སློབ་ཆེན་འགྲིམས་དུས། ངའི་སེམས་ཁམས་དང་གཤིས་ཀ་ལ་འགྱུར་ལྡོག་ཆེན་པོ་བྱུང་། གྲོང་ཁྱེར་གྱི་ཟང་ཟིང་གི་འཚོ་བ་དེས་མཚམས་རེར་རང་ཉིད་ནི་སུ་ཞིག་ཡིན་ལ། གང་ནས་ཡོང་བའང་བརྗེད་འགྲོ། ཉག་ཕྲ་བའི་སེམས་པའི་ངོས་སུ་ང་རྒྱལ་དང་རང་རློམ་ལས་གཞན་ནི་ཤོང་དཀའ་ཞིང་། ཡིན་ནའང་ངས་ནི་སྐབས་དེའི་གནས་བབ་ལ་འཁང་ར་བྱེད་ཀྱི་མེད། ནར་སོན་པའི་གོ་རིམ་ཁྲོད་སེམས་ཀྱི་ཕུགས་བསམ་ལ་འགྱུར་ལྡོག་བྱུང་བ་ནི་རྒྱུན་ལྡན་ཅིག་ཡིན་ལ། གོ་རིམ་དེ་དག་བརྒྱུད་ནས་ཉམས་ཆུང་གི་སེམས་ལ་ཉམས་མྱོང་རེ་རེ་གསོག་དུས་ད་གཟོད་འཚར་ལོངས་ངོ་མ་ཞིག་འབྱུང་ཐུབ་པར་འདོད་པས་ཡིན། དེ་དུས་ཨ་མའི་སྐད་ཆ་ལ་ཉན་པའི་གོ་སྐབས་ཇེ་ཉུང་དུ་གྱུར། དྲང་མོར་བཤད་ན་ལྟོགས་སྐོམ་གྱི་སྣེ་མོར་ཐོན་པ་དང་། སྒོར་ཁུག་ཇེ་སྲབ་ལ་འགྲོ་དུས་ད་གཟོད་ཁྱིམ་ལ་ཁ་པར་གཏོང་རྒྱུ་དྲན་ཡོང་། ཏག་ཏག་ཁྱིམ་མཚེས་ཚང་ལ་ཁ་པར་འཐེན་ཡོད། ཁྱིམ་མི་ལ་ཁ་པར་གཏོང་ན་སྔར་ནས་དུས་ཆད་བྱེད་དགོས་ལ། སྐར་འགའི་རྗེས་སུ་ཡང་བསྐྱར་གཏོང་དུས་ཁ་པར་ལེན་མཁན་དེ་གཞི་ནས་ཨ་མ་ཡིན་ལ་ཨ་མའི་སྐད་ངག་འཇམ་པོ་དེ་ཐོས་ཡོང་། ཁ་བརྡ་བྱེད་ཞོར་ཨ་མས་སློབ་ཆེན་ནས་སློབ་སྦྱོང་ལ་འབད་པ་ལྷུར་ལེན་བྱེད་དགོས་ཤིང་། དེའི་ཞོར་དུ་ཁྱིམ་ནས་ཀྱང་དཔལ་འབྱོར་གྱི་དཀའ་ཁག་ཞན་ལ་སློབ་གྲྭ་ཆེན་མོ་བ་ཞིག་གསོ་སྐྱོང་བྱ་རྒྱུ་དཀའ་མོ་ཡིན་པའི་གནས་ཚུལ་བཤད་ཡོང་། གཟའ་འཁོར་གཅིག་ཙམ་ལ་རང་སེམས་ལ་ཁ་ལོ་བསྒྱུར་ཐུབ་ན་ཡང་། རེ་ཞིག་ལེ་ལོ་དང་སྒྱིད་ལུག་སོགས་རྐྱེན་གང་རུང་གི་དབང་གིས་ཨ་མས་བཤད་པའི་སེམས་གཏམ་དེ་དག་བརྗེད་འགྲོ།

      དུས་དེང་སང་ཕྱིར་དྲན་བྱེད་དུས། རང་ཉིད་ཀྱི་བདེ་སྐྱིད་ཡོད་ཚད་ནི་ཨ་མས་གནང་བ་འཁྲུལ་མེད་རེད། སློབ་ཆུང་འགྲིམ་དུས་སྐབས་དེའི་ཁྱིམ་ཚང་ཕལ་ཆེ་བའི་འབྱོར་བ་ཅུང་ཞན་པོ་རེད། ཨ་མས་གཞན་ལ་ཡུར་མ་ཡུར་རོགས་བྱས་པའི་གླ་ཆ་སོགས་སྒེར་སེམས་མེད་པར་ལྐོག་ཏུ་བུ་ལ་སྟེར། རང་གི་ལག་པའི་སེར་མགོ་གས་ནས་རྨ་བཟོས་ལ། རང་གི་རྐང་ལྷམ་རལ་ནས་འཁྱགས་པའི་ཆུ་ཡང་ནང་དུ་འཐིམས་ནའང་། སངས་རྒྱས་ལྟ་བུའི་མ་བྱམས་སེམས་ཅན་གྱིས་གདོང་ལ་ད་དུང་མི་སྡུག་པའི་འགྱུར་བ་ཅི་ཡང་མི་འཛིན་པར། རང་གི་སྙིང་དང་འདྲ་བའི་བུ་ཆུང་གི་མ་འོངས་པའི་དོན་ལ་ཐ་ན་ལེ་བདའི་ཚིག་གཅིག་ཀྱང་བཤད་རྒྱུ་མེད། སློབ་འབྲིང་འགྲིམས་དུས། སྤྱི་ཚོགས་ཀྱི་ཆ་རྐྱེན་ཅུང་ཇེ་བཟང་དུ་སོང་ཡོད། ཡིན་ནའང་ཕ་མ་གཉིས་ནས་ང་དང་ཨ་ཅེའི་དོན་དུ་ཐ་ན་རང་གི་ཟ་རྒྱུའི་འབྲུ་རིགས་བཙོང་དགོས་ཀྱང་། ཁོང་རྣམ་པ་གཉིས་ཀྱི་རྐེད་པ་ཐུར་དུ་བཀུག་ཏེ་སྐྲ་ལོ་གངས་རིའི་མདངས་ལྟར་ཆགས་རུང་། རིག་གནས་ཡོན་ཏན་སྦྱངས་ན་ད་གཟོད་བྱིས་པའི་མི་ཚེ་ལ་རེ་བ་ཡོད་པའི་ཡིད་ཆེས་དེ་གཏན་ནས་མ་དོར་བར་རང་གི་ཆེས་སྐྱིད་དུས་ཀྱི་ལང་ཚོ་དེ་བུ་དང་བུ་མོའི་བདེ་སྐྱིད་ཀྱི་ཆེད་དུ་ཟད་དུ་བཅུག   སློབ་ཆེན་འགྲིམས་དུས། སྐབས་དེའི་སློབ་ཡོན་ཧ་ཅང་མཐོ། ལྷག་ཏུ་ང་ནི་རྩིས་ཚན་སྦྱོང་མཁན་ཡིན་པས་སྐད་ཡིག་སྡེ་ཁག་གི་སློབ་ཡོན་ལས་སྒོར་ལྔ་བརྒྱ་ཙམ་མཐོ་བ་དང་། ངའི་ཕ་མ་གཉིས་ནི་ལས་བྱེད་པ་མིན། སློབ་ཡོན་ཚང་མ་རང་གི་དཀའ་སྤྱད་ཁོ་ནར་བརྟེན་དགོས། དབྱར་ཟླ་དྲུག་པའི་གཡུལ་གཅོག་དུས་ཀྱི་ཉིན་མོ་ཞིག་ལ་ངས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་བརྡ་སྦྱོར་འབྱོར་སོང་། ང་ནི་ཁྱིམ་ཚང་འདིའི་ཆེས་ཐོག་མའི་སློབ་གྲྭ་ཆེན་མོ་བ་ཡིན། ཕ་མ་གཉིས་དང་ཕུ་བོ། ཨ་ཅེ་སོགས་ཀྱིས་ངའི་བརྡ་སྦྱོར་ལ་ལན་ཐེངས་མང་གཟིགས་ནས་ཐ་ན་དབྱར་གྱི་ཚ་གདུག་དང་རང་གི་གདོང་ན་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་བའི་རྣམ་པའང་ཡོངས་སུ་བརྗེད། སྐྱིད་སྡུག་འདྲེས་མའི་འཚོ་བ་ནི་ངོ་མ་བརྗོད་དཀའ་བའི་དོན་དག་ཅིག་རེད་ཨང་། བརྡ་སྦྱོར་འདིས་དགའ་བ་མང་དུ་བསྩལ་ནའང་། དེའི་འགྲམ་ངོགས་སུ་བྲིས་ཡོད་པའི་སློབ་ཡོན་དེས་ཕ་མ་གཉིས་ཀྱི་སྤྲོ་སྣང་དང་ཡིད་ཆེས་ལ་འགྲན་བསླངས་བ་དང་འདྲ། སློབ་ཡོན་གྱི་ཕྱིར་དུ་ཁོང་གཉིས་ཀྱིས་དཀའ་ལས་མི་ཉུང་བ་མྱངས་སོང་། བསམ་བློ་མེད་པའམ་གཞུག་མདང་མི་རྒྱག་པའི་ཁྱིམ་བདག་རེ་གཉིས་ཀྱིས་སློབ་ཡོན་གྱི་ཕྱིར་ཏུ་བུ་ཕྲུག་སློབ་གྲྭར་མ་བསྐྱལ་བའི་གནས་ཚུལ་ཡང་བྱུང་མེད་པ་ག་ལ་ཡིན།

      ཤེས་མེད་ཚོར་མེད་ཀྱི་ངང་ནས་མི་ལོ་སུམ་ཅུ་རིམ་གྱིས་བརྒལ། ཡུལ་གང་དུ་ཕྱིན་ཀྱང་གཞན་ལ་གནོད་མི་བྱེད་པ་དང་། རྒྱུ་འབྲས་དང་མཐུན་པར་ལས་ཀ་བསྒྲུབ་རྒྱུ་ནི་ང་རང་གི་འགྱུར་མེད་ཀྱི་གཤིས་ཀ་ཞིག་ཏུ་གྲུབ་ཡོད། ཁྱིམ་ལ་ཁ་པར་གཏོང་དུས་ཨ་མའི་བརྩེ་བ་ལྡན་པའི་སྐད་ངག་དེ་ཐོས་ཡོང་། ཨ་མའི་བརྩེ་བ་ལ་དངོས་གནས་འགྱུར་བ་ཅི་ཡང་བྱུང་མི་འདུག   རང་ཉིད་ཡོངས་སུ་བརྗེད་ནས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་ས་ནི་ད་དུང་བུ་དང་བུ་མོ་ཚོའི་ཆེད་ཁོ་ན་རེད། སྡུག་གི་གཞུག་ན་སྐྱིད་ཡོད་ཅེས་པ་ལྟར། ད་ལྟ་ཁོང་གཉིས་ཀྱི་འཚོ་བ་ཤིན་ཏུ་སྐྱིད། འཇིག་རྟེན་འདིའི་སྟེང་གི་ཆེས་སྙན་འཇེབས་ལྡན་པའི་དབྱངས་རྟ་སྟེ་ཨ་མའི་སྐད་ངག་དྲོན་མོ་དེ་གོ་ཐུབ་པའི་ཆེད་དུ་རྒྱང་རིང་ན་གནས་པའི་བུ་ཆུང་ངས་བྲེལ་བ་ཅི་ཙམ་ཆེ་རུང་ཉིན་རེར་ཁ་པར་ཐེངས་རེ་གཏོང་བའི་གོམས་གཤིས་རྒྱུན་འཁྱོངས་བྱས་ཡོད།  



  • ལེ་ཚན་སྔོན་མ།:མཆོད་པ་ཙམ་དུ་མ་ལུས་པ། སྙིང་སྟོབས་བརྒྱུད་འཛིན་ལྷག་ཏུ་གལ།
  • ལེ་ཚན་རྗེས་མ།:བུ་ཆུང་གི་རང་གཏམ།