ཉི་མ་རྡོ་རྗེ། 2018-04-23
སློབ་གྲོགས་ཚོ། ང་རང་ཚོ་སློབ་མཐར་ཕྱིན་ནས་ལོ་ངོ་ཉེར་བཞི་ལ་སླེབས་ཡོད།
ད་ནི་དུས་ཚོད་དང་བསྟུན་ནས་རང་ཉིད་ཀྱིས་སྤྱི་ཚོགས་ལ་བཞག་པའི་གྲུབ་འབྲས་སྤྱིར་བཏང་བ་དེ་དང་། དུས་མཚུངས་སུ་ལོ་ངོ་ཉེར་བཞིའི་རིང་གི་བརྒྱུད་རིམ་འདི་ལ་ཕྱོགས་བསྡོམས་ཤིག་བྱ་རན་ཡོད།
སློབ་རའི་ནང་དུ། ངེད་ཅག་ལྷན་དུ་དགེ་རྒན་གྱིས་བསྩལ་བའི་ཤེས་རིག་གི་འོ་ཞོ་མངར་མོ་འཐུང་དུས་ཆོད་སེམས་ཀྱི་བརྟན་པ་རི་རབ་ལས་དཔངས་མཐོ་ཞིང་རྒྱ་མཚོ་ལས་རྔམ་མཐུག
རེད་ཡ། ལོ་ངོ་ཉེར་བཞིའི་བགྲོད་ཡུན་རིང་མོ་ནང་། རང་གིས་རང་ལ་ཕྱོགས་བསྡོམས་ཤིག་བྱེད་ཡ།
ང་ཚོས་རེ་བ་རུམ་གང་ཁྱེར་ནས་སློབ་རའི་སྒོ་ཁྱམས་ལས་ཕྱི་རུ་ཐོན་ལ། ཆོད་སེམས་དམར་པོ་མེ་ཕུང་ལྟ་བུ་ཞིག་བཟུང་ནས་སྤྱི་ཚོགས་འཚོ་བའི་ནང་དུ་ཞུགས། འདི་ནི་སྐབས་དེའི་རྣམ་པ་རེད། ཁྱེད་ཀྱིས་དྲན་ནམ་སློབ་གྲོགས་ལགས།
སློབ་གསོ་འདི་ནི་མེས་རྒྱལ་འཛུགས་སྐྲུན་དང་།མི་རིགས་དར་སྤེལ་གཏོང་བའི་ལམ་བུ་གཙོ་བོ་ཡིན་པ་དེ་དམིགས་འདུན་དུ་བཟུང་ནས་ང་ཚོའི་སློབ་གྲོགས་མང་པོ་ཞིག་དགེ་རྒན་གྱི་དཔུང་སྡེ་ནང་དུ་ཞུགས། འདི་དག་ནི་ངའི་སློབ་གྲོགས་ནང་གི་ཆེས་དགའ་ཞེན་བྱེད་འོས་པ་དང་བརྩི་བཀུར་བྱེད་འོས་པའི་གྲས་རྣམས་རེད། དགེ་རྒན་དེ་ཚོས་ཉིན་རྟག་པར་སྙིང་ལ་རྗེ་བའི་བྱིས་པ་རྣམས་ལ་ཀ་ཁ་སུམ་ཅུའི་སྒྲ་དབྱངས་སྙན་མོས་ནོར་ནག་སྐྱོང་བའི་འདུ་ཤེས་དེ་རིང་ནས་དོར་ཐབས་དང་། བྱིས་པ་རྣམས་ཀྱི་སྟོང་བསམ་དང་ཕུགས་འདུན་ལ་མཛེས་སྡུག་གི་བརྗོད་བྱ་གསར་པ་ཞིག་ཁ་སྣོན་ཐབས་བྱས་ཏེ་བུ་ཕྲུག་རྣམས་ལ་དར་ཚོན་དང་གཡུ་བྱུར་ལྟ་བུའི་ཤེས་རིག་གི་རྒྱན་ཆས་སྤུད་པར་མ་ཟད།"ཉི་མ་རེ་ལ་ཚིག་རེ་ཟུངས་"དགོས་པའི་བསླབ་བྱ་ནན་པོར་བཏང་སྟེ་ལོག་ལམ་ནས་ཚུར་ལ་ཁྲིད། གོ་ཐོས་སུ་ཁྱེད་ཅག་གིས"ཡོན་ཏན་མེད་པའི་ཁ་ཉིད་ནི།། ས་ཡི་བུ་ག་དག་དང་མཚུངས"ཞེས་པའི་ལེགས་བཤད་ལྟར་ཤེས་རིག་ཏིལ་འབྲུ་ཙམ་ལས་མེད་ཀྱང་སྟོང་ལུག་སྐྱོང་བའི་རྫི་བོས་མི་དོ་བའི་གནས་ལུགས་ལ་ལན་རྒྱག་ཅི་ཐུབ་བྱས་ཟེར།
དེའི་འོག་ནས་གླེང་འོས་པ་ཞིག་ནི་སྨན་པའི་དཔུང་སྡེ་ཁྲོད་ན་ཡོད་པའི་སློབ་གྲོགས་རྣམས་རེད། གཙོ་འཛིན་གྱིས"སྲོག་སྐྱོབ་རྨས་གསོ"ཡི་ཕྱག་བྲིས་བྱས་ཏེ་བསྟོད་པ་ཚད་མེད་བྱས་ཡོད། འོན་ཀྱང་སྨན་གྱི་ཤེས་བྱ་བྱང་ཆུབ་པའམ་རང་སྐྱ་ཐུབ་པ་ཙམ་མི་ཤེས་པ་དང་ནད་པ་ལ་ཕན་པ་བྱེད་དགོས་པའི་སེམས་པ་དྲོད་ལྷང་ལྷང་དེ་མེད་ན་ཨེམ་ཆི་དང་ལྷ་རྗེའི་མིང་འདི་ནི་ལྗིད་ཏིག་ཏིག་གི་ཐ་སྙད་ཅིག་ཡིན་ལ་མཚན་སྙན་དེ་འདེགས་དཀའ་བ་ནི་སྤྱི་ཚོགས་ཀྱིས་བདེན་དཔང་བྱས་ཡོད། དེ་འདྲ་ཞིག་ཨེ་རེད་སློབ་གྲོགས་ཚོ།
གཞན་གྱི་ལས་རིགས་དང་དཔུང་སྡེ་ན་ལས་དོན་སྒྲུབ་བཞིན་པ་དང་། གོ་གནས་དང་རྒྱུ་འབྱོར་བ་ལ་བསམ་མནོ་འབའ་ཞིག་བཏང་ནས་ཉི་མ་སྐྱེལ་བཞིན་པའི་མི་རྣམས་ཀྱིས་ཀྱང་རྗེས་དྲན་རེ་བྱེད་རན་ཡོད། "འཇིག་རྟེན་ཆོས་བརྒྱད་"ཅེས་པ་འདི་ནི་ཆོས་ལུགས་པའི་ཐ་སྙད་ཅིག་རེད་མོད། འོན་ཀྱང་ང་ཚོ་ལ་སྦྱར་ནའང་མི་འཚམ་པ་མི་འདུག "མི་དམངས་ལ་ཞབས་འདེགས་ཞུ་བ"དེ་ཁ་འབོད་ཙམ་མ་ཡིན་པ་བྱེད་དགོས། དེ་ལས་ཀྱང་གལ་ཆེ་བ་ནི"གཅིག་པུར་འདུག་དུས་ལག་མ་མང"ཟེར་བ་ལྟར་རྒྱལ་ཁབ་ཀྱི་རྒྱུ་ནོར་དེ་ལྐོག་ཟ་མ་བྱེད། བདེ་སྐྱིད་དང་རྒྱུ་ནོར་གཉིས་ཀྱི་བར་ལ་འབྲེལ་བ་ཆེན་པོ་མི་འདུག གཙོ་བོ་ནི་ཆོག་ཤེས་རེད། མཐོ་དམན་སུ་ཞིག་ཡིན་རུང་མིག་གིས་མཐོ་བལྟ་བྱེད་པའི་མ་རབས་ཀྱི་གོམས་གཤིས་དེ་བཅོས་དགོས་ལ། སྐད་ཆ་ཚིག་གཅིག་ལས་མི་བཤད་ནའང་ཚིག་འཇམ་པོས་བཤད་པ་གལ་ཆེ། ཆང་ཁང་དང་ནང་མའི་གསོལ་སྟོན་ཁང་དུ་ཉི་མ་འཁྱོལ་ཐབས་བྱས་ན་བཟའ་ཚང་གི་དྲོད་སྐྱིད་མེད་པའི་འཁྱམ་པོ་ཞིག་དང་འདྲ་བས་ཡིད་གཟབ་བྱོས།
རེ་བ་རུམ་གང་ཁྱེར་ནས་སློབ་རའི་སྒོ་ཁྱམས་ལས་ཕྱི་རུ་ཐོན་ལ། ཆོད་སེམས་དམར་པོ་མེ་ཕུང་ལྟ་བུ་ཞིག་བཟུང་ནས་སྤྱི་ཚོགས་འཚོ་བའི་ནང་དུ་ཞུགས་པ་དེ་འདི་འདྲ་ཞིག་གིས་མཇུག་བསྡུས་ཟིན་ནམ། ཡུལ་འདིར་གནས་པའི་རྨོངས་མུན་གྱི་ལྷིང་འཇགས་འདི་ཁྱོད་ཀྱིས་དཀྲོག་ཐབས་ཨེ་བྱས།
སློབ་གྲོགས་ཚོ།
གོང་དུ་བྲིས་པ་རྣམས་ནི་རང་གིས་སྤྱི་ཚོགས་འཚོ་བ་ནང་ཞུགས་ནས་ལོ་ངོ་ཉེར་བཞིའི་རིང་གི་ཕྱིར་དྲན་གྱི་ཚིག་འགའ་ཡིན། ངས་ཕྱིར་དྲན་གྱི་ལམ་ཕྲན་འདི་བརྒྱུད་ནས་རང་གི་བཤུལ་ལམ་རིང་མོ་འདིར་རྒྱང་ལྟ་ཞིག་བྱས་ན། བསྒྲུབས་ཟིན་པའི་བྱ་བ་ནི་བྱ་རྒོད་ནམ་མཁའི་ཁམས་སུ་འཕུར་བའི་གྲིབ་མ་ས་ཐོག་ཏུ་ལྷུང་བ་བཞིན་མཐོང་རྒྱུ་གང་ཡང་མི་འདུག
འདི་ནི་ང་རང་གི་བཤུལ་ལམ་རེད་ལ་ཕྱིར་དྲན་ཡང་ཡིན་ནོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10