ཨ་སྨྱོན་གྱིས་བྲིས། 2018-04-24
ཡུལ་ལུང་པ་དང་བསྟུན་ནས་འགྲོ་ལུགས་གྱིས་ཞེས་པའི་དཔེ་ལྟར། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་དུ་ས་གནས་རང་ཉིད་ཀྱི་གནས་བབ་དང་བསྟུན་ནས་བྱ་བ་སྒྲུབ་གཉེར་བྱ་རྒྱུ་ནི་འགག་རྩ་ཞིག་ཡིན་པར་བརྟེན། དབུལ་ཐར་འགག་སྒྲོལ་ཕུ་ཐག་ཆོད་པའི་བྱེད་སྟངས་ཡག་ཤོས་སུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།
དེང་སང་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་གཞིགས་ནས་བཏོན་པའི་དབུལ་སྐྱོར་གནད་སྨིན་དང་གྲོང་གསེབ་དར་རྒྱས་ལ་སོགས་པའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་འདི་ས་གནས་རང་ཉིད་དུ་ལག་ལེན་དོན་འཁྱོལ་བྱེད་པའི་སྐབས་སུ་གནས་བབ་དང་བསྟུན་ནས་ལག་ལེན་བྱས་ན་སྲིད་ཇུས་ཀྱི་གྲུབ་འབྲས་འདི་ལོངས་སུ་སྤྱོད་ཐུབ་པ་ནི་སྨོས་མེད་རེད།
ས་གནས་རང་ཉིད་ཀྱི་ཁྱད་ཆོས་ཡོད་པའི་ཐོན་ལས་འཕེལ་རྒྱས་གཏོང་ནའང་འདྲ། འདེབས་འཛུགས་ལས་རིགས་འཛུགས་གཉེར་བྱེད་ནའང་འདྲ། ཚོང་གཉེར་ལས་ལ་ཞུགས་པ་ཡིན་ནའང་འདྲ། བྱ་བ་ཅི་ཞིག་སྒྲུབ་དུས་དོན་དངོས་དང་ཟུང་འབྲེལ་མ་བྱས་ན། རྡོ་གོར་མོར་བཏབ་པའི་མེ་ཏོག་འདྲ། བཞད་རྒྱུ་མེད་པར་ས་བོན་བརླག་པའི་དཔེ་རུ་གྱུར་ནས་རྒྱུ་གྱོང་སའི་གཞི་རྐྱེན་ཙམ་མ་གཏོགས་ཕྱུག་པོར་ཆགས་པའི་ལམ་དུ་སྐྱོད་ཅེས་པ་འདི་ཁ་བཤད་སྟོང་པའི་ཆོས་ཉིད་དུ་གྱུར་ངེས་རེད།
དེ་བས་ན་ང་ཚོས་དུས་རྒྱུན་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐབས་སུ་ས་བབ་མཐོ་དམའ་དང་གནམ་གཤིས་ཁྱད་ཆོས་ལ་གཞིགས་ནས་འབྲོག་ལས་འཚམ་སར་འབྲོག་ལས་གཉེར་སྐྱོང་བྱེད་པ་དང་། ཞིང་ལས་འཚམ་སར་ཞིང་ལས་གཉེར་སྐྱོང་བྱེད། ནགས་ལས་འཚམ་སར་དཔལ་འབྱོར་འབྲས་ཤིང་ལ་སོགས་པའི་ནགས་ལས་ཀྱི་ཐོན་ལས་གཉེར་སྐྱོང་བྱེད་ན་ངལ་བའི་ལས་ལ་འབྲས་བུ་ཐོབ་ནས་དབུལ་སྐྱོར་གནད་སྨིན་དོན་དངོས་སུ་གྲུབ་མཐར། ཕྱུག་པོར་ཆགས་པའི་ལམ་བུ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་རྒྱུ་རེད།
དེར་བརྟེན། དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པར་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་བྱེད་པའི་སྐབས་སུ་གནས་བབ་དང་བསྟུན་ནས་འཚོལ་ཞིབ་བྱ་རྒྱུ་ནི་དབུལ་ཐར་བྱེད་ཡས་ཀྱི་འགག་རྩ་ཡིན་པ་ནི་དྲང་བདེན་ལས་ཀྱི་བསླུ་མེད་ཆོས་ཉིད་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10