ཕ་ཡུལ་གྱི་རྣམ་པ་གསར་པ།(2)
(བློ་བཟང་ཟླ་བ།) 2010-11-23
འ་ཅན་ལུང་པའི་མཛེས་ལྗོངས་བརྒྱད་ཀྱི་རྣམ་པ་རབ་ཏུ་གསལ།།
ཡ་མཚན་ཕྱི་རབས་རྣམས་ལ་ཁོ་རྒྱུས་གསལ་བའི་མེ་ལོང་ལགས།།
ར་གན་ལས་གྲུབ་བཀྲ་ཤིས་རྟགས་བརྒྱད་མཐུན་པ་སྤུན་བཞི་ནི།།
ལ་ལུང་གང་ལ་ཡོད་པའི་འབའ་བའི་བུ་དང་བུ་མོ་ཀུན།།
ཤ་ཉེ་མིང་སྲིང་ལྟ་བུར་མཐུན་ཞིང་བཀྲ་ཤིས་དོན་འགྲུབ་ཅིང་།།
ས་གཞི་རྒྱལ་རྔ་བཞིན་དུ་བརྡུང་བའི་རྟེན་འབྲེལ་སྨོན་ལམ་ཡིན།།
ཧ་ཅང་མང་བའི་རྒྱན་ཆ་གསར་པས་བཀླུབས་པའི་ལུས་ཕྲ་མ།།
ཨ་ཧོ་གཟུར་གནས་མཁས་པའི་སོར་མོ་དབང་མེད་འདུ་བྱེད་ཀྱིས།།
ཧ་ཅང་སྙན་འཇེབས་བསྟོད་ཚིག་ཡིད་འོང་མུ་ཏིག་ཆུན་པོ་འདི།།
ཨ་ཧོ་ལྷག་བསམ་རྣམ་དག་འོ་མའི་མཚོ་ཆེན་ལས་བླངས་ཕུལ།།