རྒྱང་རིང་ལ་གཏད་པའི་སེམས་པ།

རྨ་ལྷོ།(རྩེ་གཞུང་བྱམས་ཆོས།)        2010-12-07

ཞལ་འཛུམ་ཟླ་བའི་དྭངས་མ་ཕྱོགས་མེད་དུ་གསལ་བས།།
སྤྲིན་པ་ལྷོ་ཁར་རྒྱུ་བའི་མུ་ཏིག་གི་གསེང་ནས།།
དྲན་གདུང་སྡུག་གིས་གཟེར་བས་ཉམ་ཆུང་གི་བུ་ངས།།
རྒྱང་རིང་གྲོགས་པོ་དྲན་པས་དབྱངས་རྟ་འདི་ཤོར་སོང་།།
 
ཤར་ཕྱོགས་ཉི་འོད་བསུ་བའི་འོད་མདངས་ཀྱི་དབུས་ན།།
དྲན་མགུར་ངག་གི་གླུ་ཆུང་བར་མེད་དུ་གྱེར་བ།།
མཛའ་གྲོགས་སྙིང་གི་དྭངས་མ་བརྩེ་ལྡན་གྱི་གྲོགས་པོས།།
དམན་ཆུང་བདག་གི་འཕྲིན་འདིར་ཐེངས་གཅིག་ལ་གཟིགས་རོགས།།
 
འདི་ན་རིག་བྱེད་སྨྲ་བ་འབུམ་ཕྲག་གི་རང་སྒྲ།།
ཟླ་མེད་མཁྱེན་པའི་དཔལ་རྫོགས་རིགས་མཐུན་དུ་བསྒྱུར་དུས།།
རྒྱང་ན་གནས་པའི་གྲོགས་པོའི་བརྩེ་སེམས་ཀྱི་དྭངས་མ།།
དྲན་པའི་ལང་ཚོའི་འདབ་མར་ཉི་འོད་རང་མི་འདུག།
 
མཚར་སྡུག་སྐྱེད་ཚལ་མཛེས་པའི་ཁོར་ཡུག་གི་གཞི་ནས།།
སྐྱོ་བའི་དབུགས་རིང་འཐེན་པའི་རང་སྐད་དེ་ཐོས་དུས།།
སྙན་ངག་མགྲིན་པའི་བར་ན་འགག་མེད་ཀྱི་གྲོགས་པོ།།
དབྱངས་ལྡན་ཁུ་བྱུག་ངག་གི་རྩེད་མཚར་དེ་དྲན་སོང་།།
 
ཟས་སྣ་ངན་ངོན་ཙམ་གྱི་ལོངས་སྤྱོད་ལ་རོལ་བཞིན།།
ཁོར་ཡུག་འགྱུར་ལྡོག་མང་བའི་གཡོ་འགལ་དག་མཐོང་དུས།།
ཆུང་འདྲིས་གྲོགས་ཀྱི་འགྱུར་མེད་གཤིས་ཀ་ལ་དུངས་པས།།
བརྩེ་ལྡན་མཛའ་གྲོགས་དམ་པའི་ཁྲེལ་བཟང་དེ་དྲན་སོང་།།
 
དབྱར་གྱི་ཁུ་བྱུག་སྔོན་མོ་ལྷང་ལྷང་དུ་གྲགས་དུས།།
སྨྱུ་གུའི་རྩེ་ལ་འཐམ་པའི་འདུ་འགོད་ཀྱི་ཀློང་ནས།།
རྒོད་པོར་གཤོག་འགྱུར་རྒྱས་པའི་ལང་ཚོ་དེ་མཐོང་བས།།
རྒྱང་རིང་ཡུལ་གཞན་འགྲིམ་པའི་ངང་ཚུལ་དེ་དྲན་སོང་།།
 
རྒྱང་བཞུད་ཆུ་འཛིན་རྒྱུ་བའི་གོ་རིམ་གྱི་ཁྲོད་ནས།།
ཤ་ཁྲག་ཕུང་བོ་རི་ལུང་སྟོང་ཕྲག་གིས་ཆོད་ཀྱང་།།
སེམས་གཏམ་གཅིག་ཏུ་གླེང་བའི་གྲོགས་མཆོག་གི་བརྩེ་བ།།
དྲན་གདུང་སྡུག་གི་གདུང་བ་རྒྱ་མཚོ་ལས་ཟབ་སོང་།།
 
སྙིང་གཏམ་སེམས་ལ་ཉར་བའི་གཡུ་སྦྲང་གི་གཞོན་ནུར།།
མི་ཁའི་གཏམ་གྱི་རལ་གྲིས་བག་མེད་དུ་གཙེས་སྐབས།།
རྒྱང་བཞུད་ཁྱུང་རྩེན་གྲོགས་ཀྱི་འཕྲིན་བཟང་འདི་ཐོས་པས།།
གཤོག་ཟུང་རྒྱང་དུ་གཏོད་རྒྱུའི་སེམས་འདུན་ཞིག་བཅངས་ཡོད།།
  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་རྣམ་པ་གསར་པ།
  • ལེ་ཚན་རྗེས་མ།: སྲིན་པོ་རྫ་རྒན།