དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 14 ཉིན་དང་། རེས་གཟའ་ཟླ་བ་ཡིན།

ཁྱེད་ཀྱི་མངའ་ཐང་།(2)

རྨ་ལྷོ།(རྟ་མགྲིན་ཚེ་རིང་གིས།)        2010-11-15


ཁྱེད་ལ་འབྱུང་འགྱུར་འདི་འོངས་གསུང་བའི་དུས་གསུམ་གཟིགས་པའི་ཁ་ཕོ་མེད།།
ཁྱེད་ལ་ཉམ་ཆུང་སྲོག་འགན་འཁུར་བའི་མི་སྐྱོན་གཏམ་གྱི་ཁག་ཐེག་མེད།།
ཁྱེད་ལ་གདུགས་དང་རོལ་མོས་བསུ་བའི་བླ་ཆེན་སྤྱི་ཡི་བརྗིད་ཉམས་མེད།།
ཁྱེད་ནི་གྲགས་སྐམ་མེ་མདར་གཡོལ་བའི་མཐའི་རི་དྭགས་ཉམ་ཆུང་ཞིག།
ཁྱེད་ནི་སྒམ་མདོག་ཆེ་མདོག་བོར་བའི་ལྷད་མེད་བྱིས་པའི་རྩེ་རོགས་ཤིག།
ཁྱེད་ནི་བཅུ་ཕྲག་རིག་པས་གཏམས་པའི་དྭངས་གཙང་ཤེལ་གྱི་བུམ་པ་ཞིག།
ཁྱེད་ནི་ཐུབ་བསྟན་དོན་གྱིས་སྐྱོང་བའི་རིན་བྲལ་གསེར་ནག་རྡོག་པོ་ཞིག།
ཟས་གཙང་སྲས་ཀྱི་བཀའ་ལས་འདའ་བའི་དབང་བསྐུར་ཟབ་མོ་ཁྱེད་ལ་མེད།།
ཅོང་ཁའི་སྐྱེས་བུས་གཏན་ལ་མ་ཕབ་དམིགས་བསལ་ལང་ཤོར་ཁྱེད་ལ་མེད།།
སྔ་རབས་མཁས་པའི་ལེགས་བཤད་བཤུ་བའི་རྐུ་འཕྲོག་རྩོམ་གྱི་དེབ་ཐེར་མེད།།
ཡིག་རྨོངས་རྒན་རྒོན་མིག་ཆུ་འཆོར་བའི་འཆད་པའི་ལྕེ་རྩལ་དེ་བས་མེད།།
ཆེན་པོའི་རྐུབ་ལ་ལ་ལྕེ་ཡིས་ལྡག་པའི་སྤྲེའུའི་གཡོ་རྩ་ཕད་ལ་མེད།།
དམའ་མོའི་མགོ་ལ་རྡོག་ཐོས་གཞུ་བའི་ཁྱད་གསོད་གདུག་རྩུབ་ཁྱེད་ཀྱིས་སྤངས།།
ག་ནས་བལྟས་ཀྱང་སྐྱོན་གྱིས་མ་གོས་སེམས་ཀྱི་ཉི་མ་འོད་བརྒྱ་བ།།
ཇི་སྲིད་བྱང་ཆུབ་མ་ཐོབ་དེ་སྲིད་ཁོ་བོའི་སྙིང་གི་དཔལ་དུ་བཞུགས།།
  
  • ལེ་ཚན་སྔོན་མ།:ཕྱོགས་ཞེན་ཕྲག་དོག་སྤོང་བར་གདམས་པ།
  • ལེ་ཚན་རྗེས་མ།:གངས་རིའི་གཟི་མདངས།