ཁྱེད་ཀྱི་མངའ་ཐང་།

རྨ་ལྷོ།(རྟ་མགྲིན་ཚེ་རིང་གིས།)        2010-11-15

གཡེར་མོ་ཐང་གི་ཁང་ཆུང་ཞིག་ནས་ཁྱེད་དང་ལོ་ངོ་གསུམ་ལ་འདྲེན།།
འགྲོགས་བདེ་གཤིབ་བདེའི་བྱ་སྤྱོད་རེ་རེས་བརྗེད་མེད་བག་ཆགས་སྙིང་ལ་བཞག།
མཁས་གྲུབ་ཡོན་ཏན་ལྷུན་གྱིས་གྲུབ་པར་སྨོན་པའི་ཡིད་སེམས་དབང་མེད་ཤོར།།
དངོས་སྟོབས་རིགས་པའི་རྗེས་སུ་འབྲང་བའི་གསུང་གི་རོལ་མོ་རྣ་བར་སིལ།།
རེབ་གོང་པ་ཚོའི་སྨྲ་བརྗོད་བར་ན་ཁྱེད་ཉིད་སྨིག་རྒྱུའི་གྲོང་ཁྱེར་བཞིན།།
རེས་བསྟོད་རེས་སྨད་ཅོལ་ཆུང་གཏམ་གྱིས་རྣ་ཡང་ཆད་པར་འགྱུར།།
འོན་ཀྱང་ཁྱེད་ཀྱི་རླབས་ཆེན་ཕག་རྗེས་མ་འཇིག་འདི་ན་གསོན་པོ་སྟེ།།
ལྟ་བྱེད་མིག་ཟུང་ལྡོངས་པ་མིན་ན་གཟུགས་སུ་གྲུབ་པ་མ་ཡིན་ནམ།།
འགའ་རེས་ཁྱེད་ཀྱི་མཛད་པར་བསྙད་དེ་འོས་མིན་ཞྭ་དགུ་བརྩེགས་བསྐོན།།
ཁ་ཅིག་ཁྱེད་ཀྱི་དོ་ཟླར་ཡོང་ཆེད་རང་མགོ་སྲ་མོ་བྲག་ལ་རྡེབ།།
ལ་ལ་རང་གི་ཆེ་བ་འདོན་ཕྱིར་ཕྲག་དོག་གཏམ་ངན་གང་སར་སྤེལ།།
འདི་དག་ཁྱི་རྒྱགས་སྐར་མར་ཅེར་ཏེ་ཟུག་སྐད་འདོན་པ་ཙམ་ལས་ཅི།།
ཁྱེད་ནི་གསེར་གྱི་ཁྲི་ལ་འགྱིངས་ནས་འོག་ལམ་སྟོན་པའི་ཁ་བདེ་མིན།།
ཁྱེད་ནི་མ་རུང་ཁོག་ལ་བཅུག་ནས་རྒྱུ་ལ་འཇབ་པའི་རྐུན་མ་མིན།།
ཁྱེད་ནི་ཞྭ་མོ་གདན་ལ་འདིང་བའི་ངོ་ཆེན་པང་གི་བྱི་ལ་མིན།།
ཁྱེད་ནི་ཆགས་སྡང་རླུང་གིས་གཡོ་བའི་གྱང་ཁར་སྐྱེས་པའི་རྩྭ་སྐྱ་མིན།།
ཁྱེད་ནི་རྣམ་ཤེས་འདི་ཞེས་སྟོན་པའི་མཛུབ་གུ་འཛུགས་པའི་སྤོབས་པ་མེད།།
  • ལེ་ཚན་སྔོན་མ།:ཕྱོགས་ཞེན་ཕྲག་དོག་སྤོང་བར་གདམས་པ།
  • ལེ་ཚན་རྗེས་མ།:གངས་རིའི་གཟི་མདངས།