ཟླ་བ།

བཀྲ་ཤིས་དོན་འགྲུབ་ཀྱིས།        2014-03-06

 ཟླ་བ།

ཁྱེད་ནི་ང་ལྟར་དབུགས་རིང་མནར་ནས་སྐྱོ་སྣང་དང་སུན་སྣང་སྐྱེ་མི་དགོས་ཏེ། རིམ་བཞིན་དཀྱིལ་འཁོར་གྱི་ཆ་ཤས་རྫོགས་ཤིང་། སྐར་ཚོགས་ཀྱིས་མཐར་ནས་བསྐོར་ཏེ་ཁྱེད་ལ་བསྟོད་དབྱངས་སྙན་མོའི་འགྱུར་ཁུགས་དང་བསྟུན་ནས་མུ་མཐའ་བྲལ་བའི་མཁའ་དབྱིངས་སུ་ཕེབས་པར་དགའ་བསུ་དང་། ལ་ལས་འཇམ་འཇམ་གཤིས་བཟང་དང་མཛེས་མཛེས་བཞིན་མདངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། ལ་ལ་ནི་ཁྱེད་ཀྱི་འཁྲིས་སུ་བཅར་ཏེ་གངས་དཀར་སེམས་ཁོངས་ཀྱི་སྙིང་གཏམ་ཆུ་བོ་རྒྱུག་པ་ལྟར་གསང་བ་མེད་པར་རྡོལ་འོང་། སྐབས་དེར་རྒྱང་རིང་དུ་གྱེར་ཟིན་པའི་ངས་ཁང་ཆུང་གྲུ་བཞིའི་སྒེའུ་ཁུང་ནས་ཁྱེད་ལ་མིག་གཡེང་ནས་བལྟ་ངེས། སྐབས་དེར་བདག་གི་གངས་དཀར་སེམས་ཀྱི་མེ་ལོང་ངོས་ནས་རེ་བ་དང་སྙིང་གཏམ་སོགས་མང་པོ་མང་པོ་བཤད་ཡོད་པ་དེ་དག་གོ་མེད་ཚོར་མེད་དུ་མ་སོང་བ་ཞིག་ཡིན་དགོས།
    ཁྱེད་ནི་རིན་ཐང་བྲལ་བའི་དགོས་འདོད་སྩོལ་བའི་ནོར་བུ་རིན་པོ་ཆེ་ཞིག་མཁའ་དབྱིངས་སུ་འཕགས་ནས་འཇིག་རྟེན་འདིར་གནས་པའི་སྐྱེ་དངོས་ཀུན་ལ་བླ་ན་མེད་པའི་ཚེ་སྲོག་དང་འོད་སྣང་འབུལ་མཁན་ཡིན་པར་མ་ཟད། བདག་ལྟ་བུའི་སྐྱོ་སྣང་དང་སུན་སྣང་གིས་ཁེངས་པའི་མི་ལ་སེམས་གསོ་དང་བློ་སྤོབས་བསྐྱེད་དུ་འཇུག་མཁན་ཞིག་ཀྱང་ཡིན་འདུག་པ་གདོན་མི་ཟའོ། །སྐབས་དེར་བདག་གིས་མལ་ཁྲིའི་སྟེང་ནས་དྲ་ཡོལ་ཕྱེད་ཙམ་བཀྱག་སྟེ། ལེ་དབར་བརྒྱ་སྟོང་རྗེས་སུ་བསྐྱུར་ནས་མདུན་ནས་མདུན་དུ་བགྲོད་མཁན་ཁྱེད་ལ་མིག་ཞགས་འཕང་ཚེ། ཁྱེད་ནི། སྤྲིན་ཕུང་གིས་ལམ་སྒྲིབ་ཅིང་། དྲང་རླུང་གིས་ལུས་གདུང་བར་ཇི་མི་སྙམ་པར་དཔའ་ངར་ཞུམ་མེད་དང་སྙིང་སྟོབས་ཆེན་པོས་བདེ་སྐྱིད་དང་ཕུགས་བསམ་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་ནས་མདུན་དུ་བསྐྱོད་བཞིན་འདུག
  • ལེ་ཚན་སྔོན་མ།:ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱ་དགོས་སམ།
  • ལེ་ཚན་རྗེས་མ།:དོན་སྣོད་ཀྱི་ཧྲག་བར་ནས་བརྡོལ་བའི་སེམས་ཀྱི་དབྱངས་རྟ།