དོན་སྣོད་ཀྱི་ཧྲག་བར་ནས་བརྡོལ་བའི་སེམས་ཀྱི་དབྱངས་རྟ།

ཆོས་བཞིན།        2014-06-03

    ༡
    མུན་ནག་གི་འཇིག་རྟེན་ཞིག་ནས་ཡུན་རིང་བསྒུགས་ཏེ་སེམས་ཀྱི་དཀར་འོད་མཁའ་མཐའ་ནས་འཛུམ་པར་མིག་ཟུར་ཅེར་ནས་བསྡད།ཅི་ཡང་མ་རྙེད་ལ་གང་ཡང་མི་ཐོབ་པའི་ཚོར་སྣང་ཞིགསུས་ཀྱང་མ་བཤད་ལ་སུ་ཡང་མི་གླེང་བའི་སྒེར་གཤིས་ཤིགསེམས་ཀྱི་ཁོང་གསེང་ནས་འགུལ་ཞིང་ངག་གིས་མཐོ་ས་ནས་གྱེར།དུས་སྐབས་འདི།དཔྱིད་དུས་ཀྱི་མཚན་ལྗོངས་ཤིག་གམ།ས་སྲོད་ཀྱི་དུས་ཚོད་ཅིག་ཡིན་པས།ངས་འཇིག་རྟེན་གྱི་དགའ་སྐྱོ་ཡོད་ཚད་སྙིང་ལ་སིམ་པའི་སྙན་ངག་བཞིན།བརྩེ་དུང་གིས་གྱེར་ཅིང་ལྷག་བསམ་གྱིས་ཉན།ཉན་གྱིན་ཉན་གྱིན།གནམ་སའི་བར་ལའང་མི་ཤོངས་པ་ལྟ་བུའི་སྐད་ཆ་ཞིགརི་རབ་ཀྱིས་ཀྱང་གནོན་པར་དཀའ་བའི་གཟུགས་མེད་ཀྱི་སྟོབས་ཤུགས་ཤིགརྒྱ་མཚོའི་གཏིང་རིམ་ནས་འབུས་ཏེ་གངས་རིའི་ཡང་རྩེ་ལ་ཟིན།སྐབས་དེར།བརྗོད་མི་ཚར་བའི་སེམས་འགྱུ་ཕྲ་མོ་ཞིགདགོད་མི་ཚར་བའི་མཚར་གཏམ་རིང་མོ་ཞིགབྱམས་ལྡན་གྱི་ཨ་མའི་མིག་ན་མིག་ཆུ་བཞིན་འགུལ་ལ།བརྩེ་ལྡན་གྱི་ཕ་ལོའི་གདོང་ན་འཛུམ་མདངས་བཞིན་ཁོལ།སྐད་ཆ་དེ་དགམཚར་གཏམ་དེ་དགདགོད་སྒྲ་དེ་དགབཤད་མི་ཤེས་པའི་བརྗོད་དོན་དེ་དགགསང་མི་ཚུགས་པའི་གནད་དོན་དེ་དགསྐྱ་རེངས་བཞིན་གསལ་ན་ལག་པས་མི་ཁེབས་ལ།ཆུ་མིག་ལྟར་རྡོལ་ན་ས་ཡིས་ཀྱང་མི་ཁོག་པས།དཔྱིད་དུས་མཚན་ལྗོངས་འདིར།ངས་ལྷིང་འཇགས་ཀྱི་ཁོར་ཡུག་དང་།དཀར་གསལ་གྱི་ཟླ་འོད་ལ་སེམས་ནང་གི་སྐད་ཆ་ཐེངས་མང་བཤད།
            ༢
    དགོང་མོ་འདིར།ང་ལ་མ་གཉིད་པའི་རྨི་ལམ་ཞིག་ཡོད།སེམས་གཏིང་གི་སྐད་ཆ་ཞིག་ཡོད།དགོད་བཞིན་དུ་མིག་ཆུ་བཞུར་ལ།ངུ་བཞིན་དུ་འཛུམ་མདངས་བྱུང་བའི་ལྐོག་གྱུར་གྱི་གསང་བ་འདི།ངས་ཅིས་ཀྱང་བཤད་དགོས་ལ།ངས་ནམ་ཡང་ཉན་དགོས།རྨི་ལམ་འདི་སྤྱིར་བཏང་གི་རྨི་ལམ་ཞིག་དང་གཏན་ནས་མི་འདྲ་སྟེ།དེ་ནི་ངའི་མ་གཉིད་པའི་རྨི་ལམ་ཡིན།དེ་ནི་ངའི་སྙིང་གསེང་གི་རྨི་ལམ་ཡིན།དེ་ནི་ངའི་ཡུན་རིང་ལ་ཤ་གསེང་རུས་གསེང་དུ་ཉལ་བའི་རེ་བའི་རྨི་ལམ་ཡིན།སྤུན་ཟླ་ཚོ།དྲག་ཆར་གནམ་ནས་བབས་རུང་ལྗང་མྱུག་ས་ནས་སྨིན་དགོས་ལ།རླུང་འཚུབ་མཁའ་ནས་རྒྱུ་རུང་ཚེ་སྲོག་ལུས་སུ་ཐིམ་ཡོད་པར་མ་ཟད།སྨུག་པ་ས་ནས་འབྱུང་ཡང་སྦྲང་ཆར་གནམ་ནས་འབབ་འོས།དེའི་ཕྱིར།ང་ཚོ་སྐྱེ་ས་ནས་ཤི་དགོས་རུང་།རྨི་ལམ་ཞིག་གི་ཆེད་དུ།སྒྲོམ་གཞི་ཞིག་གི་སླད་དུ།ཅིས་ཀྱང་དཀྱེལ་ཡངས་བའི་བར་སྟོང་དང་གུ་ཡངས་པའི་གླེང་གཞི་ཡོད་ཆོགའོན་ཀྱང་།དྲན་འདུན་དང་བྱ་སྤྱོད་ལ་སེམས་ཆུང་གིས་བླང་དོར་མ་བགྱིས་ན།དཀར་ནག་དང་ཡོད་མེད་ལ་སྙིང་ཆུང་གིས་ལག་སྙོབ་མ་མཛད་ན།མཆིལ་མ་གནམ་ལ་འདེབས་ཆོག་རུང་།ལྷུང་ས་རང་གི་གདོང་ཡིན་པས།ཚིག་གསུམ་བཤད་ས་དང་གོམ་གསུམ་སྤོ་ས་གང་ཡིན་རུང་།དྲང་བདེན་གྱིས་དཔྱད་འཇོག་དང་ལྷག་བསམ་གྱིས་བརྟག་དཔྱད་བྱེད་ཆོག་པས།ང་ཚོ་བདེན་དོན་གྱིལམ་ནས་སྙིང་སྟོབས་ཡོད་དགུ་རྩལ་དུ་སྤྲུགས་ནས།བརྩེ་སེམས་ཀྱི་ལག་རྡང་ལྷན་དུ་སྦྲེལ་ནས།དམིགས་འདུན་དང་རེ་སྙེག་གཅིག་ལ་གཏད་ནས།གོམ་པ་རེ་རེ་བཞིན།དགོད་སྒྲ་རེ་རེ་བཞིན།ལྷན་དུ།མཉམ་དུ།ནམ་ཡང་ཡི་མི་ཆད་པར་མདུན་ནས་མདུན་དུ་སྐྱོད་ཆོགདེ་ནི་ངའི་རེ་འདུན་ཡིན།ངའི་རྨི་ལམ་ཡིན།ངའི་མ་གཉིད་པའི་རྨི་ལམ་དྲོད་ཁོལ་དང་ལྡན་པ་དེའང་ཡིན།
             ༣
    མི་ལ་མི་ལུགས་དང་།ལྷ་ལ་ལྷ་ཡི་སྲོལ་ཀ་ཅི་རིགས་ཤིག་ཡོད་སྲིད་པས།ང་ཚོ་ལ་ང་ཚོའི་ཐུན་མོང་མ་ཡིན་པའི་རང་ལུགས་དང་གོམས་གཤིས་ཅིས་ཕྱིར་མེད།དེ་བས།ངས་དྲང་བདེན་གྱི་ལམ་ནས་ཨུ་ཚུགས་ཀྱིས་མདུན་དུ་སྐྱོད་སྲིད་ཀྱང་།འཚེ་མེད་བསྟུན་མེད་ཀྱི་རང་ལུགས་མཐའ་གཅིག་ཏུ་སྐྱོང་བའི་མ་ཧཱ་གནྡྷིས་ལའང་།ཆོས་ལུགས་ཀྱི་ཐལ་མཐར་ལྟུང་བའི་མི་བུ་ཞིག་གམ།རང་ལུགས་ཨུ་ཚུགས་ཀྱིས་སྒྲུབ་པའི་གཞོན་ཆུང་ཞིག་གིས།ཤ་མ་ཚ་ཞིང་སྙིང་མ་རྗེ་བར།འཇིག་རྟེན་འདི་ནས་རྒྱང་རིང་རྒྱང་རིང་གི་གནས་ཤིག་ལ་ཤེས་མེད་ཚོར་མེད་ཀྱི་བར་ནས་དོན་མེད་དུ་བརྫངས་སོང་ཟེར།སྐབས་དེར།ང་ལ་སུས་ཀྱང་གཅུན་མི་བཏུབ་པའི་ཚོར་ཤེས་ཤིག་ཡོད་དེ།རང་འགན་གྱི་བྱ་བ་མཐའ་དགདྲང་བདེན་གྱི་ལམ་ནས་གང་ལྕོགས་ཀྱིས་སྒྲུབ་རུང་།སེམས་ཅན་ཚོའི་འདོད་བློ་དང་མཐུན་ཟེར་ན།དེ་ནི་འོང་དུ་མེད་པའི་རྨི་ལམ་ཞིག་གམ།འབྱོར་མི་སྲིད་པའི་ཞིང་ཁམས་གཞན་ཞིག་རེད་སྙམ།དེའི་ཕྱིར།ངས་མགོ་བོ་སྒུར་མི་སྲིད་ལ།གོམ་ཁའང་གཟུར་མི་སྲིད་པས།ཨ་མའི་གཅེས་ཕྲུག་རྣམས།སྙིང་སྟོབས་དང་ལ་རྒྱ་ཡད་ན།གོམ་གང་མདུན་དུ་སྤོ་ཐུབ་ནའང་།དེ་ནི་རྩྭ་ཐང་གི་མ་འོངས་པ་ཡིན་ལ།གོ་ལའི་ཡང་རྩེ་ན་ཀྲོང་ངེར་འགྱིངས་པའི་གངས་རིའི་གཟི་འོད་ཀྱང་ཡིན་སྲིད།དེ་བས།རྔམ་སྟབས་ཀྱིས་མདུན་དུ་སྐྱོད་དང་།
  • ལེ་ཚན་སྔོན་མ།:ཟླ་བ།
  • ལེ་ཚན་རྗེས་མ།:དྲིན་ཆེན་བོང་བུའི་ལས་དབང་།