གསེར་ཐར་རྩྭ་ཐང་གིས་གནང་བའི་བག་ཆགས།(2)
(ཉི་མ་རྡོ་རྗེས།) 2012-08-20
ང་ཚོས་མཁན་པོའི་སྒར་གྱི་མཚན་མོའི་ཡུལ་ལྗོངས་ལ་བལྟ་བར་སྤྲོ། ས་འདིའི་ཁ་ཁུ་སིམ་པའི་མཚན་མོའི་ཡུལ་ལྗོངས་ཀྱིས་ཚང་མའི་ཡིད་ཀྱི་དང་བ་འདྲེན་པར་ངེས། མགོ་བོ་བཏེགས་ནས་ནམ་མཁའི་སྐར་ཚོགས་ལ་བལྟ་བ་དང་། དེ་ནས་རིམ་བཞིན་སྒར་སྟོད་སྨད་ལ་བལྟ་སྐབས་སྔོ་བསངས་ནམ་མཁའི་སྐར་ཚོགས་ཁྲ་ལམ་མེར་ཐང་ལ་ལྷུང་བ་བཞིན་ས་ཕྱོགས་ཀུན་ཏུ་རིམ་པ་བསྟར་ཆགས་ཀྱི་ཁང་བརྩེགས་ཀྱི་སྒེའུ་ཁུང་རེ་རེ་ནས་སྒྲོན་འོད་ལམ་ལམ་འཚེར་བཞིན་འདུག་པ་ནི་རི་བོའི་གྲོང་ཁྱེར་ཞིག་དང་འདྲ་བར་ལྟ་ན་སྡུག་པ་ཞིག་རེད། བསིལ་འཇམ་གྱི་ཟླ་འོད་གསལ་ལམ་མེར་བླ་རུང་གི་མཁའ་ལ་འཕགས་པ་དང་ལྷིང་འཇགས་ཀྱི་སྒར་ནང་དུ་ཆོས་སྒྲ་གྲགས་ནས་རིམ་བཞིན་འདུ་འཛི་ཆེ་ཆེར་གྱུར།
རྩྭ་ཐང་འདིའི་འབྲོག་མི་རྣམས་ནི་རང་རིགས་ཀྱི་དཔའ་བོ་ལ་ཧ་ཅང་དགའ། ཁོ་ཚོས་གེ་སར་སྒྲུང་དེ་སྙན་ངག་ཚིག་གི་སྡེབ་སྦྱོར་བཟང་ངན་དང་། དེ་འཛམ་གླིང་སྙན་རྩོམ་རིང་མོ་ལྔ་ལས་ཀྱང་རིང་བ་སོགས་ལ་བསམ་འདང་བརྒྱབ་མེད་ན་ཡང་རྩྭ་ཐང་གི་དཔའ་བོ་སྟེ། རང་གི་སེམས་ཁོང་གི་དཔའ་བོ་འདིའི་ཐང་ག་ཀླད་ལ་འགེལ་ཞིང་། དགྲ་ལྷར་བརྩིས་ཏེ་མཆོད་བསྟོད་བྱེད་པ་དང་འཚོ་བའི་ནང་དུའང་གེ་སར་གཏམ་དཔེ་སྤྱོད་ཅིང་། རྒྱུན་དུ་ཨ་ལ་ལ་མོའི་འགུགས་ལུགས་ཀྱི་ཁྲོད་ནས་འཚར་དུ་ལོངས། དེས་ན་རྩྭ་ཐང་བ་ཞིག་ཡིན་ཕྱིན། བྱང་བདུད་ནི་ཀླུ་བཙན་དང་། ཧོར་གུར་དཀར། འཇང་ས་དམ། མོན་ཤིང་ཁྲི། ཁ་ཆེ་ཁྲི་བརྟན། གྲུ་གུ་ཐོག་རྒོད་རྒྱལ་པོ་སོགས་ཡིན་པ་ཤེས་ངེས་རེད།
ལོ་ནི་སྐད་ཅིག་ཙམ་གྱིས་ཕར་ལ་བསྐྱལ་ལ། མིག་རྡེབ་ཡུན་ཙམ་གྱིས་ལོ་བཅུ་ཙམ་ཕར་ལ་བསྐྱལ། ད་ལྟ་ང་ཚོའི་མིག་མདུན་དྲོང་ངེར་འགྱིངས་འདུག་པ་འདི་ནི་དུས་རབས་གསར་པའི་གནས་བབ་འོག་མདུན་སྐྱོད་ཀྱི་ལམ་བུར་མྱུར་མགྱོགས་ཀྱིས་སྐྱོད་བཞིན་པའི་གསེར་ཐར་རྩྭ་ཐང་གི་རྣམ་པ་གསར་པ་རེད། ང་ཚོས་དུས་རབས་གསར་པའི་གནས་བབ་འོག་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་རང་དང་རང་ཅག་ལ་བག་ཆགས་ཟབ་མོ་སྟེར་བཞིན་པའི་རྩྭ་ཐང་འདིའི་མཛེས་སྡུག་ལ་ལོངས་སྤྱོད་དང་དྲིལ་བསྒྲགས་བྱེད་དགོས་པ་དང་། རྩྭ་ཐང་འདི་ལས་འཚར་ལོངས་བྱུང་བའི་མི་ཞིག་ཡིན་ཕྱིན་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྟེང་ནས་རྩྭ་ཐང་དང་རྩྭ་ཐང་འདིའི་ཡུལ་མིའི་མཛེས་སྡུག་གི་རྣམ་པ་སྨྱུག་རྩེར་བརྒྱུད་ནས་ཤོག་དཀར་ངོས་སུ་གཏོར་འོས། དེ་ལྟར་བྱས་ན་ད་གཟོད་རྩྭ་ཐང་འདིས་གནང་བའི་བག་ཆགས་དང་རྩྭ་ཐང་འདི་ལ་བཅངས་བའི་དགའ་ཞེན་དེ་ལྷུག་པོའི་ངང་ནས་ཕ་རོལ་པོ་ལ་བསྟན་པ་རེད་སྙམ།
ང་ཚོ་ནི་རྩྭ་ཐང་འདིར་འཚར་ལོངས་བྱུང་བའི་ཕྱི་རབས་པ་ཡིན། རྩྭ་ཐང་འདིས་གནང་བའི་ཡོད་ཚད་དེར་དྲིན་ལན་གསབ་དགོས། ང་ཚོ་ནི་སྙན་ངག་པ་མིན་རུང་སེམས་ན་ཉལ་བའི་འབེལ་ལྷུག་ལྷུག་གི་བརྩེ་གདུང་དེ་ཕྱི་རུ་བཏོན་ནས་རང་སེམས་དམར་པོ་ལས་བྱུང་བའི་སེམས་གཏམ་གྱིས་རྩྭ་ཐང་འདི་ལ་བསྟོད་བསྔགས་བྱས་ཤིང་། ལས་ཀ་རྣལ་མ་ཞིག་གི་སེམས་སུ་འཆང་ནས་མི་རྣམས་ལ་ཤེས་སུ་འཇུག་པ་དང་། དེའང་རྩྭ་ཐང་འདིའི་བག་ཆགས་ཀྱིས་ཕུལ་བའི་གཟུགས་མེད་ཀྱི་སྒུལ་ཤུགས་ཞིག་ཀྱང་རེད།