གསེར་ཐར་རྩྭ་ཐང་གིས་གནང་བའི་བག་ཆགས།

(ཉི་མ་རྡོ་རྗེས།)        2012-08-20

གསེར་ཐར་རྩྭ་ཐང་གིས་གནང་བའི་བག་ཆགས།

གོ་བཞིའི་ལོ་སྟོན་གྱི་འབྲས་བཟང་སྨིན་པའི་དུས་དེར།  ངས་སློབ་གྲྭའི་ནང་གི་བྱིས་པའི་རང་མདངས་དེ་ཁྱེར་ནས།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ལས་སློབ་མཐར་ཕྱིན་ཏེ་དབལ་ཤུལ་གསེར་ཐར་གྱི་རྩྭ་ཐང་དེར་སླེབས།  དངོས་གནས་བཤད་ན།  འབའ་འབུར་མི་སྙོམས་པའི་ལམ་བུ་འདི་བརྒྱུད་ནས་འགྲོ་སྐབས་གསེར་ཐར་རྩྭ་ཐང་འདི་གནམ་གྱི་མཐའ་རུ་ཆགས་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་འཆར་ལ།  རྩྭ་ཐང་ཞེས་པ་འདི་ནམ་ཡང་མཐོང་མ་མྱོང་བའི་དབང་གིས་རང་གསེར་ཐར་དུ་འབྱོར་མ་ཐག་ནས་དེའི་ཁོར་ཡུག་གི་མཛེས་སྡུག་ལ་ཡིད་དབང་ཤོར།
   སློབ་གྲྭ་འགྲིམ་པའི་དུས་སུ།  ངས་གངས་དཀར་རི་བོའི་དུས་དེབ་ལས་སྤྲུལ་ཐེག་ལོས་གསེར་ཐར་རྩྭ་ཐང་གི་མཛེས་ཉམས་བྲིས་པའི་རྩོམ་ཞིག་མཇལ་མྱོང་།  གསེར་ཐར་རྩྭ་ཐང་ནི་བདེ་ལྡན་གྱི་ཞིང་ཁམས་ཞིག་ལ་གནས་པའི་ཡིད་དབང་འཕྲོག་པའི་ཡུལ་ས་ཞིག་ཡིན་པ་དེ་རྩོམ་དེའི་ཐོག་ནས་ཤེས་བྱུང་།
    གསེར་ཐར་ཞེས་པའི་མིང་དེ་ངས་རང་ཡུལ་དུ་སློབ་ཆུང་འགྲིམ་སྐབས་ནས་ཐོས་མྱོང་།  རང་སྡེ་བའི་ཡུལ་མི་འགའ་གསེར་ཐར་རྩྭ་ཐང་སྟེང་ཞིག་གསོ་བྱེད་བཞིན་པའི་རྣམ་རྒྱལ་མཆོད་རྟེན་ལ་རབ་གནས་བྱེད་པར་མཇལ་སྐོར་དུ་སོང་བ་དང་།  ཕྱིར་ལོག་ཁར་རྩྭ་ཐང་སྟེང་དུ་དྲོང་ངེར་འགྱིངས་བའི་མཆོད་རྟེན་ཆེན་པོའི་སྐུ་པར་རེ་ཁྱེར་འདུག     སྐུ་པར་དེ་ཚོན་ཁྲ་ཅན་ཞིག་མིན་རུང་དེའི་ངོས་ལས་ནམ་མཁའ་ནི་གཡའ་དག་ཅིང་སྤང་ལྗོངས་ནི་སྔོ་ལྡེམ་མེར།  མཆོད་རྟེན་ནི་ཞིག་གསོ་བྱས་ཏེ་བཀྲག་མདངས་ལྡན་པ་ཞིག་ཏུ་གྱུར་འདུག་པ་གསལ་ཐག་ཆོད་མཐོང་ཐུབ།  དུས་དེ་ནས་བཟུང་།  གསར་ཐར་ཞེས་པ་ནི་རྒྱང་རིང་ཡུལ་དུ་བཞུགས་པའི་མཛེས་སྡུག་ལྡན་པའི་ཤམྦྷ་ལའི་གྲོང་ཁྱེར་ཞིག་དང་འདྲ་བར་ནམ་ཡང་སེམས་ཀྱི་ཞིང་ས་ལ་མག་མོག་དང་བཤད་ཐབས་མེད་པའི་ཡིད་སྨོན་ཤོར་ས་ཉག་གཅིག་ཏུ་གྱུར།
    ས་ཆ་འདིའི་མཛེས་སྡུག་ནི་སྨྱུ་གུའི་རྩེ་མོ་བརྒྱུད་ནས་འབྲི་དགོས་པ་ཞིག་རེད།  ས་འདིའི་རི་ཆུ་མཛེས་ལ་མི་ནི་དེ་བས་མཛེས།  དེ་ཡུལ་འདིར་བཞུགས་པའི་མི་རྣམས་ལ་རྒྱུས་མངའ་ཡོད་ཤས་ཆེ།
      ས་འདིར་འབྲོང་རིས་གཙོ་བྱེད་པའི་གནས་རི་དང་།  སྙིའི་ན་བས་གཙོ་བྱེད་པའི་རྩྭ་ཐང་།  བདུད་འདུལ་མཆོད་རྟེན་གྱིས་གཙོ་བྱེད་པའི་མཆོད་རྟེན་ཁག    དུང་དཀར་དགོན་གྱིས་གཙོ་བྱེད་པའི་དགོན་ཆེན་ཁག    ཁྲུང་ཁྲུང་དཀར་མོས་གཙོ་བྱེད་པའི་རི་སྐྱེས་སྲོག་ཆགས།  དབྱར་རྩྭ་དགུན་འབུས་གཙོ་བྱེད་པའི་སྨན་སྣ་འདྲ་མིན།  བསོད་དར་རྒྱས་གཙོ་བྱེད་པའི་མཁས་པ་མང་པོ།  གསེར་ཟངས་སོགས་གཏེར་ཁ་འདྲ་མིན་གྱིས་བཀང་བའི་ཕྱོགས་ཀུན་ནས་འབྱོར་ཕྱུག་ལྡན་པའི་འབྲོག་ཡུལ་གྱི་རྩྭ་ཐང་ཆེན་པོ་ཞིག་རེད།
  • ལེ་ཚན་སྔོན་མ།:ན་གཞོན་སློབ་མའི་ཕུགས་བསམ་སྐོར་གྱི་གླེང་མོལ།
  • ལེ་ཚན་རྗེས་མ།:ལས་ཉོན་གྱི་སྒྲིབ་པ་དག་པའི་ལེའུ།