རྒྱང་རིང་གི་ཡུལ་གྲུ་དེ་ན།(2)

ཚེ་བཀྲ་ཡིས།        2011-07-26


སྐྱ་རེངས་དང་ལྷན་དུ་ཁོས་གྲངས་ཀ་ཉུང་ཉུང་གི་ལུག་ཁྱུ་པང་ནས་གཙང་བོའི་ཚུར་རོལ་བརྟོལ།  འཁྱག་རོམ་གྱི་སྦུབས་སུ་འདར་སིག་སིག་གི་རྐང་རྗེས་བཞག་པ་ལན་གཅིག་མིན་ལ།  གྱ་གྱུར་འཐེན་པའི་རྫ་གསེབ་ཀྱི་ལམ་ཕྲན་འདིའི་སྟེང་བཀྲེས་སྐོམ་གྱིས་བརྒྱལ་བའང་རེབ་གཅིག་ག་ལ་ཡིན།  དེ་ལྟ་ནའང་།  སྙིང་ཉེ་བའི་ལོ་ན་ཆུང་ཆུང་གི་ཁོ་ལ་ལེ་བདའ་དང་འཁང་ར།  འགྱོད་སྣང་དང་ཕངས་སེམས་ཅི་ཡང་མེད་པར།  རང་ཉིད་སྟོང་འཇགས་ཀྱི་འབྲོང་ཐང་དེ་ནས་གཏན་དུ་ཁེར་ཧྲེང་གིས་རྒས་དགོས་པའང་བདེ་སྐྱིད་ཅིག་ཏུ་བསམ་ཡོད།  ངོ་མ།  ད་ལྟའི་བར་དུ་ཁོས་ཅི་ཡང་བསམ་མ་མྱོང་ལ།  ཐ་ན།  སྤྱིར་བཏང་གི་རས་ལྷམ་གསར་བ་ཞིག་ཀྱང་གྱོན་མ་མྱོང་།
    རྒྱང་རིང་གི་ཡུལ་གྲུ་དེ་ན།  སེམས་གཏིང་གི་མཛའ་མོས་ལས་བྱ་དང་་ཡིག་འབྲི་བཞིན་ང་ལ་སྒུག་ཡོད།  ཁོ་མོ་རང་ཉིད་ལ་རང་ཉིད་ཀྱི་མི་ཚེའི་ལྟ་ཚུལ་དང་འཚོ་བའི་རོལ་སྟངས་ཡོད།  ཁོ་མོ་རང་ཉིད་ལ་རང་ཉིད་ཀྱི་ཚེའི་འགྲེལ་བཤད་དང་དགའ་ཁ་འཁྱེར་ཕྱོགས་ཡོད།  ཁོ་མོ་སློབ་མ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་སློབ་སྦྱོང་གི་འཚོ་བར་འཆར་བཞི་དང་བཀོད་སྒྲིག་འོས་འཚམ་ཡོད་དེ།
      ཁོམ་སྐབས་ཕྲན་དུ་རེ་བྱུང་ཚེ་འཕྲལ་དུ་དཔེ་དེབ་ཅིག་བཟུང་ནས་གོམས་སྲོལ་ལྟར་བློ་རུ་སྐྱོར་ལ།  མཚན་དུས་ཀྱང་གྲགས་རྩོམ་འགའ་ཀློག་ཞོར་ཉིན་ཐོ་རེ་འབྲི་ངེས།  ཕན་ཚུན་འདྲིས་ཤིང་འགྲོགས་པའི་སྐྱིད་སྡུག་གི་ལོ་ཟླ་རིང་མོར།  ཁོ་མོས་ཆེས་དྭངས་གཙང་གི་མེ་ཏོག་ཅིག་བྲང་ལ་སྦྱར་ནས་ནམ་རྒྱུན་ང་ལ་སེམས་གསོ་དང་བྱིལ་བྱིལ་བྱེད་ཅིང་འབྲི་ཤོག་དང་ལྕགས་སྨྱུག་གང་རུང་ཉོས་ནས་ཁོ་བོའི་ལས་དོན་ལ་རྒྱབ་སྐྱོར་དང་ཐུགས་ཁྲལ་མཛད་ངེས།  ཉི་ཟླ་རི་བོའི་ཕ་རོལ་ནས་ཁོ་མོས་བདག་ལ་ཤ་དྲོད་མ་ཡལ་བའི་འཕྲིན་པ་རེ་བཏང་ཞིང་།  སེམས་འཕྲིན་གྱི་ཐིག་ཕྲེང་རེ་རེའི་གསེབ་ན་ཁོ་མོའི་འཇར་ཡིག་གི་ཐོབ་སྐར་དང་འབྲི་རྩོམ་གྱི་ནུས་པ།  སློབ་སྦྱོང་གི་འགན་འཁྲི།  གཞན་ད་ལྟའི་བར་གྲགས་རྩོམ་ག་ཚོད་ཅིག་བཀླགས་པ་དང་བཀླགས་རྗེས་ཀྱི་མྱོང་ཚོར།  རང་ཉིད་ཀྱི་འདུན་མར་བརྩོན་ལེན་སོགས་མངོན་པ་ལས་བར་ཐག་གི་མནར་སྤྱོད་དང་དྲན་གདུང་གི་ཟབ་ཚད་ཅི་ལེང་མི་སྲིད།
     ཡིན་ཡང་།  ངས་ཉིན་མཚན་འབྱེར་མེད་དུ།  ཁོ་མོ་ཇི་ལྟར་དྲན་པ་ནང་བཞིན་ཁོ་མོས་ཀྱང་ང་རང་དེ་ལྟར་གླེང་གིན་ཡོད་ཨང་།
      རྒྱང་ཐག་རིང་བོའི་ཡུལ་གྲུ་དེ་ན་་་་་་་་་།
  • ལེ་ཚན་སྔོན་མ།:ཉེ་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་ཁ་ཤས་གླེང་བ།
  • ལེ་ཚན་རྗེས་མ།:འཛམ་བུ་གླིང་གི་ཟོག་གཡང་སྒང་པ་བོད་ཀྱི་ཁྱད་ནོར།